[A:༩༦] ་ཀུན་སྤྱོད་སོགས་ཀྱང་དམ་པ་གོང་མའི་དུས་ལྟར་གོང་འཕེལ་དུ་གནང་བས་ངོར་ཨེ་ཝཾ་པར་ཕྱི་མཐའི་བར་དུ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། དེ་ནས་ལམ་ཟབ་མོའི་སྒྲུབ་པ་ལ་གཞོལ་བའི་ཐུགས་འདུན་ཐུན་མོང་མ་ཡིན་པ་མངའ་ནའང་། བསྟན་པའི་སྦྱིན་བདག་སྡེ་དགེ་ཆོས་རྒྱལ་ཆེན་པོ་དམ་ཚིག་རྡོ་རྗེ་མཆེད་ཞལ་གྱིས་སྤྱན་དྲངས་ཏེ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཕེབས། མཆོག་དམན་ཐམས་ཅད་ཀྱི་གུས་པས་མཆོད་ཅིང་སོ་སོར་བསྡུ་བའི་དངོས་པོ་རྣམ་བཞིའི་སྒོ་ནས་འབྲེལ་ཚད་ཕན་བདེར་སྦྱོར་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངང་འཚོ་ཞིང་གཞེས་པ་སྟེ། སླར་ཡང་རྒྱལ་བ་གཉིས་པ་མ་ཕམ་པའི་ཆོས་ཀྱི་བདུད་རྩིས་འཛམ་གླིང་སྣང་བར་མཛད་པའི་བར་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བརྟན་ཅིང་། ཕྲིན་ལས་ཀྱི་འཇུག་པ་ཟླ་བས་རེག་པའི་ཆུ་གཏེར་བཞིན་དུ་རྒྱས་པར་གསོལ་བ་འདེབས་ན་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་གིས་གཙོས་མདོ་ཁམས་སྡེ་དགེའི་མངའ་ཁུལ་དུ་གཙོ་བོར་ངོར་ཨེ་ཝཾ་པའི་རིང་ལུགས་འཛིན་པ་འདུས་སྡེ་ཆེ་ཕྲ་མང་དུ་མཆིས་ཀྱང་ཕལ་ཆེར་ཁྲི་ཆེན་སངས་རྒྱས་བསྟན་པ་དང། བསྟན་པ་ཚེ་རིང་སོགས་ཀྱི་དུས་ཉམས་གསོ་གནང་བ་ཙམ་ལས། དང་པོར་སུས་བཏབ་ཞིབ་པར་མ་ངེས༎ ། ༎