[A:༥༥] ཤྲཱི་བྷ་དྲས་ཀྱང་རྡོ་རྗེ་འཛིན་པ་གསང་བ་འདུས་པ་ཞེས་བསྔགས་པའི་རྒྱུད་མང་བསྒྲེངས། ཁེངས་པའི་རུ་ཚོན་དབྱིངས་སུ་བརྟུལ་ནས། གཙུག་གི་ནོར་བུའི་ཞབས་བརྟན་གྱི་པདྨོ་ལ་ཕྱག་བྱས་ཏེ། གསུང་གི་བདུད་རྩི་གསོལ་བར་མཛད་པས་འཕགས་བོད་རྡོ་རྗེ་འཛིན་པ་བྱེ་བའི་གཙུག་རྒྱན་དུ་ངེས་བརྙེད། སྐུ་ཚེའི་འདུ་བྱེད་ཀྱང་ཡུན་རིང་དུ་བྱིན་གྱིས་བརླབས་ཏེ་ཟབ་རྒྱས་ཀྱི་བསྟན་པ་ནམ་ལངས་པའི་རྗེས་སུ་ཉི་མ་ཤར་བ་ལྟར་མཛད། གཅུང་གྲུབ་པའི་རིག་འཛིན་དཔལ་ཆེན་འོད་པོ་ལ་སྲས་ས་སྐྱ་པཎྜི་ཏ་དང་། ཟངས་ཚ་བསོད་ནམས་རྒྱལ་མཚན་གཉིས་འཁྲུངས་པའི། འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་ནི། མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་ལྔར་རྗེ་བཙུན་བརྟན་པའི་འཁོར་ལོས་དགེ་བའི་བཤེས་སུ་མཛད་པས། སྐུ་ཚེ་འདིར་ཡང་ཕྱི་ནང་རིག་པའི་གནས་མཐའ་དག་ལན་རེའམ། ཟུང་རེ་གསན་པ་ཙམ་གྱིས་ཁོང་དུ་ཆུད། ལྷག་པར་ལམ་ཟབ་བླ་མའི་བྱིན་རླབས་ལ་བརྟེན་ནས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། འཇམ་དཔལ་དབྱངས་དབྱེར་མེད་དུ་གཟིགས་པས་ཕྱི་ནང་གསང་བའི་རྟེན་འབྲེལ་ཐམས་ཅད་དེར་འགྲིགས། མཁས་ཤིང་གྲུབ་པའི་ཡོན་ཏན་དང་། གཞན་ཕན་ཕྲིན་ལས་ཀྱི་ཀློང་བརྡོལ། འཕགས་ཡུལ་ནས་རྒྱ་ནག་གི་བར་དུ་སྙན་པའི་གྲགས་པས་ཁྱབ། རིག་པའི་གནས་