R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 49b
[B:49b] ཀྱི་གཟིམས་སྤྱིལ་དེའི་ནང་ན་བཞུགས་འདུག་པ་ལ་ཐོག་སྟེང་རྩེ་མོ་དེར་གཤེགས་པ་ན་ཚོན་སྐུད་ལྔས་བྲེས་འདུག་པས་འདི་སུས་བྱས་པ་ཡིན་གསུངས་པས། ཆེ་སས་བྱས་པ་ཡིན་ཟེར་བས་ཕྱག་གིས་ཚོན་སྐུད་རྣམས་བསལ་ནས་བྱང་རི་དེའི་ངོས་སུ་འཕུར་ནས་བྱོན་ཞིང་། ཡང་མདོ་ལུང་པའི་ཆོས་སྡིངས་ན་བཞུགས་པ་སྙམ་བྱེད་པ་ལ། ཕ་ཝང་ཆེན་པོ་ཞིག་གི་ཁར་བཞུགས་པས། དེའི་གཞོགས་སུ་ཕ་ཝང་དཀྱིལ་ཀྱོང་མར་ཡོད་པ་[A:117]གཞན་ཅིག་སྒ་ར་ར་འཁོར་ཞིང་སྟེང་ནས་བཀབ་པའི་བར་དུ་ཚུད་བྱུང་ནའང་། ཐུགས་དམ་གྱི་སྟོབས་ཀྱིས་རེ་ཤིག་ན་བྱ་བའི་སྲུབས་ནས་འཐོན་བྱུང་སྟེ་གཟིགས་པས་ཕ་ཝང་དེ་གཉིས་རུས་སྦལ་གྱི་རྣམ་པར་འདུག ཡང་རྩེས་ཐང་དུ་བཞུགས་པའི་ཅིག་གི་མནལ་ལམ་ན། ཡར་མདའ་ཤར་གྱི་ཞིང་དཀྱིལ་ན་ཚུར་ལྷ་མ་ཡིན་གྱི་དམག་ཡིན་ཟེར་བའི་དཔུང་ཆེན་པོ་བྱུང་བ་དང་གཡུལ་སྤྲད་པས་དེ་རྣམས་གོ་ཆ་ལེགས་པར་གྱོན་ཞིང་མཚོན་མང་དུ་ཐོགས་པ་གྲིབ་སོ་བཞིན་བྱུང་། སྐུ་ལུས་ལ་གོ་ཆ་མེད་པར་མེ་ལོང་ཡུ་བ་ཅན་ཞིག་ཕྱག་ན་འདུག་པ་དེ་ཐུགས་ཁར་ཁོབ་དང་། ཐུགས་གར་མ་ཕོག་ནཡན་ལག་ལ་ཕོག་ཀྱང་མི་གནོད་ཟེར་བས། དེ་ཐུགས་ཀར་བཀབ་ནས་འཁྲུགས་པས་དེ་རྣམས་ཀྱིས་མཚོན་ཆའི་ཆར་ཆེན་པོ་ཕབ་ཀྱང་། མཐར་དེ་རྣམས་དེད་ནས་ཕམ་པར་བྱས་པ་ཞིག་རྨིས་གསུང་། ཡང་དགོང་ཅིག་རྩེས་ཐང་གླིང་གི་སྐོར་ལམ་དུ་བྱོན་པའི་ཕྱི་ན་ཚུར་ཁྱི་སྨྱོན་ཡིན་ཟེར་བའི་ཁྱི་ཐལ་བའི་ཁ་དོག་ཏུ་ཡོད་པ་ཆེན་པོ་ཞིག་བྱུང་བས། རིངས་པར་ཕེབས་པ་ན་དེ་ཡང་མྱུར་བ་མྱུར་བར་བཞུད་དེ། གླིང་གི་སྟག་གི་རི་ཟུར་དུ་ཕེབས་པ་དང་དེར་སླེབས་བྱུང་བས། ད་ནི་བྲོས་པས་མི་ཐར་བ་འདུག་དགོངས་ནས་ནམ་མཁའ་ལ་འཕུར་ཏེ་གཤེགས་པས། དེ་ཡང་ནམ་མཁའ་ལ་བྱུང་བ་དང་སླར་ཡང་ནམ་མཁའ་ཇེ་མཐོར་གཤེགས་པས་ཀྱང་དེ་ཐལ་རླུང་ཚུབ་མ་ཅིག་ཏུ་བྱས་ནས་རྗེས་སྙེག་པར་བྱེད་པ་ན། སྐུ་ལུས་ནམ་མཁའི་རང་བཞིན་དུ་བསྒྱུར་བས་དེ་ནས་མ་རྙེད་པར་ལོག་སོང་བ་བྱུང་། ཡང་མདོ་ལུང་པའི་མདའ་ན་མར་འབྱོན་ཞིང་འདུག་པ་ལ། གསེར་ཐང་བྲག་ཁའི་འོག་དེ་ན་མར་ཕེབས་པ་དང་མི་ནག་པོ་རྟ་ནག་ལ་ཞོན་པ་མཁར་དུམ་ཙམ་པ་ཁ་ཅིག་ཕྱི་བཞིན་དུ་བྱུང་བས། འདི་རྣམས་ཅི་ཡིན་མི་ཤེས་