[B:50b] གཞོང་པའི་ཁ་དེ་ན་ཞང་བློན་གྱི་ཞལ་མཐིང་ག་རབ་ཏུ་[A:119]དྭངས་པ་བཀྲག་དང་ལྡན་པ་མཆེ་བ་དཀར་སིང་བ་སྐྱ་ཙ་རེ་ཡོད་པ་ཞིག་གཏོར་མ་ལ་བལྟས་ནས། ད་དེ་ད་ལྟ་ཟིན་ཡོང་བར་འདུག་ཟེར་ནས་དགའ་སྤྲོ་ཆེན་པོ་བྱེད་ཅིང་འདུག་གསུང་ངོ་། རྩེས་ཐང་གདན་ས་བ་དྲུང་བྱང་ཆུབ་རྡོ་རྗེ་ཞིང་གཞན་དུ་གཤེགས་པའི་སྐུ་འདེད་གཏོང་པའི་ཚེ། བླ་གཡེ་ཆེན་མོར་ཚོགས་པས་བཟང་སྤྱོད་སྨོན་ལམ་གསུང་བ་ལ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ཞེས་པའི་ཤོ་ལོ་ཀ་དེ་འདོན་པའི་དུས་སུ་ང་ལ་གྲལ་དེར་གཉིད་ཟི་བ་ཞིག་བྱུང་། དེའི་ཚེ་བདེ་བ་ཅན་དུ། དྲུང་བྱང་ཆུབ་རྡོ་རྗེ་འབྱོན་རྒྱུ་ཡིན་ཟེར་བའི་ཤིང་ལ་བརྐོས་པའི་པདྨ་གསེར་བྱུགས་པ་འདྲ་བ་ཞིག་གི་ཟེར་འབྲུའི་སྟེང་ན་རས་ཀྱི་འབོལ་ཅིག་གཏིང་ནས་འདུག་པ་བྱུང་ཞེས་གསུང་། གཞུང་གི་སྤྲེལ་ཞིང་དུ་རྔོག་ལུགས་རྣམས་གསན་པའི་སྐབས་སུ། ཆོས་རྗེ་སེམས་དཔའ་ཆེན་པོ་ཆུ་བོ་རི་ན་བཞུགས་པའི་དྲུང་དུ་གསང་བ་འདུས་པའི་སྐོར་གསན་པར་བཞེད་ནས་གནང་བར་གསོལ་བ་འདེབས་པའི་ཞུ་ཡིག་ཞིག་བསྐུར་བང་ཆེན་ལ་དགེ་བཤེས་ཚུལ་རྒྱལ་བཏང་བས། ནུབ་གཅིག་ཆོས་རྗེ་སེམས་དཔའ་ཆེན་པོ་དེ་སྟེགས་ཁ་མཐོ་བ་ཅིག་ན་སྐུ་ཉམ་ཆུང་ངེ་བ་ཅིག་མཛད། སྤྱན་ར་ཅིག་དང་དབུ་ཞ་སྦུག་མོ་ཅིག་བཞེས། ན་བཟའ་སྤུ་བོ་ཆེ་སྔོན་པོ་ཅིག་མནབས་ནས་འདུག་པ་ལ་བྱིན་བརླབས་ཞུས་པས་སྟེགས་དེ་ལ་གཅིག་ཀྱང་མ་སྙོགས་པ་ཅིག་བྱུང་བས། ད་ལན་དོན་མི་འགྲུབ་པར་དགོངས་པའི་མོད་ལ། བང་ཆེན་ཀྱང་འཁོར་བྱུང་ནས། ཆོས་རྗེ་སེམས་དཔའ་ཆེན་པོ་དེ་སྐུ་ཁམས་ཀྱང་དུམ་ཞིག་སྙུང་ཡོད་པར་འདུག་གསུངས་པས་དེ་ཁ་འདུག་ཟེར། སྤྱན་ར་ཅིག་དང་དབུ་ཞ་སྦུག་མོ་ཅིག་བཞེས་ཨེ་འདུག་གསུངས་པས་འདུག་ཟེར། ན་བཟའ་སྤུ་བོ་ཆེ་སྔོན་པོ་ཅིག་མནབ་ཡོད་པར་འདུག་གསུངས་པས་དེ་ཁ་འདུག་ཟེར་ནས་ཁོ་ངོ་མཚར་དུ་གྱུར་བྱུང་། ངས་ནི་རྨི་ལམ་བཞིན་དྲིས་པ་ཡིན། དེ་[A:120]རེས་ངེད་ཁམས་མ་བདེ་བས་ཕྱི་ནས་རྟེན་འབྲེལ་སྒྲིག་ཞེས་པའི་ཞུ་ལན་གནང་བྱུང་བ་ལྟར་རྟིང་སོར་འདུས་པའི་སྐོར་གསན་པ་ཡིན་ནོ། ཙ་རི་གནས་ནང་དུ་བཞུགས་པའི་ནུབ་ཅིག་གི་རྨི་ལམ་དུ། མདུན་ན་ཁྱི་ནག་པོ་ཤིན་དུ་ཆེ་བ་འཇིགས་སུ་རུང་བ་ཅིག་བྱུང་བ། དེ་བསྲུངས་མའི་རྣམ་པར་འཕྲུལ་པར་དགོངས་ནས།