[B:51a] ཕག་མོ་གྲུ་པའི་དུས་ཟིང་འདི་སངས་འགྲོ་འམ་གསུངས་པས། བདག་པོ་འདིའི་རིང་ལ་མི་སངས་པར་འདུག ནུ་བོ་འདིའི་རིང་ལ་ཇི་ལྟར་འོང་ཡིན་ཞེས་ལུང་སྟོན་པ་བྱུང་། ཡང་སྐབས་ཤིག་མནལ་ལམ་དུ། འཕན་ཡུལ་ན་བཞུགས་པ་སྙམ་བྱེད་པ་ཞིག་ལ་འཕན་ཡུལ་གྱི་ལུང་པ་དེའི་རི་ཐམས་ཅད་ནགས་ཚལ་ཤིན་དུ་བཟང་བས་ཁེབས་འདུག ཤིང་དེ་རྣམས་ཀྱི་སྟེང་ན་བྱ་རོག་དཔག་ཏུ་མེད་པ་འདུག་པ་རྣམས་ཕུ་མདའ་ཐམས་ཅད་ནས་འདུས་ཏེ། སྐུ་ལུས་ཀྱི་སྟེང་དུ་འབབ་པར་བརྩོམ་པ་ན། ཞབས་འཕན་ཡུལ་གྱི་མདར་སླེབས་ཤིང་དབུ་འཕན་ཡུལ་གྱི་ཕུར་སླེབ་པ་ལུང་པའི་ལྟོས་དང་མཉམ་པ་ཞིག་དུ་བསྒྱུར་ནས་བྱ་རོག་རྣམས་ལ་བྱིན་པས། བྱ་རོག་དེ་ཐམས་ཅད་ཀྱིས་གནོད་པའི་སྐབས་མ་རྙེད་པར་སྐད་ཅིག་ལ་བྲོས་སོང་པ་ཞིག་བྱུང་བའི་ཚེ སྒྱུ་འཕྲུལ་ལམ་རིམ་དུ། དྲུག་ལ་རི་ལྟར་ཆེར་མདོས་བྱ། ཟེར་བ་ཡོད་པ་དེ་དྲན་ནས་དེའི་དོན་དུ་བསམས་པའི་ལུགས་བྱེད་ཅིང་འདུག མནལ་སད་ནས་ཐུགས་བསམ་བཏང་བས། ཚིག་དེའི་དོན་ནི་དེ་མིན་པར་འདུག་གསུང་། ཡང་སྐྱོར་མོ་ལུང་ན་སློབ་དཔོན་བསམ་གཏན་དོན་གྲུབ་པའི་སར་འདུལ་མཛོད་གཉིས་ལ་སྦྱང་བ་མཛད་པའི་དུས་རེ་ཞིག་གི་ཚེ། སློབ་དཔོན་དེ་ཉིད་ཡབ་པ་ཆོས་རྗེ་ཤཱཀྱ་བཟང་པོའི་དྲུང་དུ། ཞི་བྱེད་ཀྱི་དམིགས་པ་ལྷག་གསན་དུ་བྱོན་པའི་ཕྱགས་ཕྱིར་ཕེབས། དགེ་སློང་གྲགས་པ་རྡོ་རྗེ་ཞེས་བྱ་བའི་སར་བཞུགས་ནས། སློབ་དཔོན་པ་ཆོས་འཕྲོ་རྣམས་གསན་ཞིང་འདུག་པས། [A:121]སྐུ་ཕྱམ་ལེགས་པོ་ཞིག་ཡོད་པ་ཐང་སག་ཏུ། སློབ་དཔོན་ཡེ་རྒྱལ་བ་དེ་སྐུ་དྲིན་ཤིན་དུ་ཆེ་བས་ཁོང་གི་སྐུ་དྲིན་བསབ་པའི་ཕྱིར་འབུལ་བར་བཞེད་ནས་འཕན་ཡུལ་དུ་བཞུད་པའི་ཉིན་གངས་ཆེན་པོ་བབ་པས་ལམ་དུ་ཞུགས་པ་ཅུང་འཕྱིས་ནས་ཡབ་ཀྱི་ལ་ལ་གཤེགས་པས་ཉིན་རངས་པར་འོ་རྒྱལ་བར་བྱུང་། ལམ་གྲོགས་སུ་འཕན་པོའི་ལྷམ་མཁན་སྔས་ཤིང་གཉིས་ཁུར་བ་ཅིག་ཀྱང་བྱུང་། དེ་ནས་ཉི་མ་མ་ནུབ་ཙ་ན་ཡབ་ཀྱི་ཕུའི་རྫ་སྟོངས་ཆེ་བ་མཚོ་ཆེན་པོ་གཉིས་ཀྱི་བར་ན་ཕར་ལམ་ཡོད་པ་ཞིག་ཏུ་ཕེབས། དེར་ཉི་མ་རྫ་རི་ལ་ཕོག་པའི་དམར་ངམ་མཚོ་ལ་ཕོག་ཅིང་མཚོའི་དམར་ངམ་རྫ་ལ་ཕོག་པས་ཐམས་ཅད་དམར་ངམ་སོང་བས་ཉམས་ཀྱང་