R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 54a
[B:54a] ཀྱི་གནས་ལུགས་འཁོར་བའི་ཆོས་ཐམས་ཅད་ཀྱི་གཉེན་པོར་འགྱུར་བ། མྱ་ངན་ལས་འདས་པའི་ཕྱོགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་བསྐྱེད་པ་པོ་ཡིན་པར་ཐུགས་སུ་བྱོན་པར་སྣང་གི། གང་ཟག་གིས་ལྟ་བ་ཕར་སྐྱོང་དགོས་། ལྟ་བ་དེ་གཞན་གྱིས་བཟུང་མ་བཟུང་དང་དེ་ལ་སྐྱོན་བརྗོད་པ་ལ་སོགས་ཀྱི་ཉོན་མོངས་པ་བསྐྱེད་པ། རང་གི་ངོ་བོ་མུ་སྟེགས་བྱེད་ཀྱི་ཀུན་བརྟགས་པའི་བདག་ལྟ་བུ་དེ་འདྲ་བ་ནི་མ་ཡིན་ནོ། སྒོམ་ཆེན་པ་སར་བུ་ཁ་ཅིག་རྣམ་པར་མི་རྟོག་ཙམ་གྱི་ལུང་མ་བསྟན་དེ་ལྟ་བའོ་ཞེས་སྨྲ་སྟེ། དེ་ལས་འདས་ནས་གནས་ཚུལ་ཤེས་པའི་ཤེས་རབ་ལ་ངོ་སྤྲོད། ཁ་ཅིག་རྗེས་སུ་དཔག་པས་གཏན་ལ་ཕབ་པའི་རང་བཞིནམེད་པར་ཤེས་པ་དེ་མཆོག་ཏུ་སྨྲ་ཏེ། དེ་ཡང་ལྟ་བ་བཏགས་པ་བར་སྟོན་པར་མཛད། ཡང་ཁ་ཅིག་གསང་སྔགས་བླ་ན་མེད་པའི་སྐབས་སུའང་སྟོང་པ་ཉིད་ཀྱི་གཟུགས་བརྙན་ཆོས་ཅན། བདེན་པར་མེད་དེ། ཞེས་བྱ་བའི་ཚུལ་དུ་དཔྱད་པར་འདོད་མོད་ཀྱི། སྟོང་གཟུགས་མཐོང་བ་དེ་ཉིད་སེམས་ཀྱི་གནས་ལུགས་མཐོང་བ་ཡིན་པར་བཞེད། འདུས་པ་སྨྲ་བ་ཁ་ཅིག་ཟུང་དུ་འཇུག་པ་འབྲས་བུར་སྐྱེལ་ཏེ། དེ་ཡང་ལྟ་བར་ངོ་སྤྲད་ནས་ལས་དང་པོ་པས་[A:128]ཀྱང་ཉམས་སུ་བླངས་ཆོག་པར་སྟོན། ཀུན་མཁྱེན་ཇོ་མོ་ནང་པས་ལས་སྣང་དང་ཡེ་ཤེས་ཀྱི་སྣང་བ་ཞེས་སོ་སོ་བ་རིགས་མི་གཅིག་པའི་ཆོས་གཉིས་བསྲེས་ནས་བཞག་པ་སྐད་དུ་གསུང་སྟེ། ལས་སྣང་འདི་ཉིད་ཡེ་ཤེས་ཀྱི་སྣང་བའི་འཁྱག་པར་ཐ་སྙད་བཏགས་ཏེ་ཡེ་ཤེས་ཀྱི་སྣང་བར་ངོ་སྤྲོད། ལས་དངཡེ་ཤེས་ཀྱི་སྣང་བའི་ཐ་སྙད་མི་བཞེད་པ་ཡང་མིན་ཏེ། ཆུ་དང་འཁྱག་པའི་སྟོན་པར་མཛད་ཅིང་། ཇི་སྲིད་རང་དང་གཞན། སྣོད་དང་བཅུད་ཟེར་བ་དེ་སྲིད་དུ་དེའི་ཐ་སྙད་བཞག་སྟེ་དེ་ནས་ནི་ཡེ་ཤེས་ཀྱི་སྣང་བར་རོ་གཅིག་གསུང་། སྔོན་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་ལས་གྲུབ་ཆེན་ཡུ་མོའི་གསུང་རབ་རྣམས་དང་། དཔལ་སྒམ་པོ་པ་སློབ་མ་དང་བཅས་པའི་གསུང་རྣམས་དང་། གྲུབ་པའི་དབང་ཕྱུག་ནགས་ཀྱི་རིན་ཆེན་གྱི་གསུང་རྣམས་དང་། བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་དང་། འདུས་པ་སྒྲོན་མ་གསལ་བ་ལ་སོགས་པ་དང་། འཇམ་