R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 53b
[B:53b] རྒྱས་ནས་སེམས་ཅན་གྱི་བར་གྱི་གནས་ཚུལ་འདི་ལྟ་བུ་ཞིག་ཏུ་འདུག བརྗོད་པར་བྱ་བ་ལྡོག་པ་སྟེ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། ཞེས་བྱ་བ་ལ་སོགས་པ་དབུ་མ་ལས་འབྱུང་བའི་བཤད་པ་ཐམས་ཅད་ཀྱང་འདིར་འཇུག་ཅིང་། དེ་བས་ཀྱང་འདིས་ཁྱད་པར་དུ་གྱུར་པ་ཡིན་པར། དགོངས་པ་ལ་སོགས་པ་གསུང་རབ་དང་རྗེས་སུ་འབྲེལ་བའི་ཐུགས་ཀྱི་རྣམ་པར་དཔྱོད་པ་ཤིན་དུ་མང་བར་ཡུན་ཅུང་ཟད་དེའི་རིང་ལ་འཁྲུངས་ཏེ། ངའི་དེ་རྟོགས་པ་ནི་མིན། ཤིན་དུ་གསལ་བ་ཞིག་ཤར་བ་ནི་ཡིན་ཞེས་གསུང་ལ། དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་གསང་བ་བླ་ན་མེད་པའི་ཚུལ་ལས་འབྱུང་བའི་ཟུང་དུ་འཇུག་པ་ཞེས་བྱ་བའི་སྒྲ་བོ་ཆེ་གང་ཡིན་པ་དེ་ཡང་ད་གཟོད་འབྲས་བུའི་དབང་དུ་བྱས་པ་མིན་པར་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་གཏན་ལ་ཕབ་ནས། བྱིས་པ་སོ་སོའི་སྐྱེ་བོ་ཐ་མལ་པ་དག་གིས་ཀྱང་ཉམས་སུ་བླང་དུ་ཡོད་པར་རྒྱ་ཆེར་གསུང་རབ་ཀྱི་སྒོ་ནས་སྟོན་ཅིང་། ཉམས་མྱོང་ཅུང་ཟད་ཙམ་དང་ལྡན་པ་དག་ལའང་དེ་ཉིད་ཀྱི་སྟེང་ནས་ཡང་དག་པར་ངོ་སྤྲོད་པར་མཛད་དེ། དེ་ཡང་ཚིག་སྐམ་པོ་བཟུང་ནས་གསུང་བ་ནེ་ཙོའི་འདོན་པ་ལྟ་བུ་མཛད་པ་མ་ཡིན། རང་ཉིད་ཀྱིས་ཐུགས་སུ་ལེགས་པར་ཆུད་དེ་རིགས་པ་དང་བཅས། ལུང་དང་བཅས། ཉམས་སུ་མྱོང་བ་དང་བཅས་ནས་ལེགས་པར་གསུང་ཞིང་། བསྒལ་ལན་གྱིས་ཀྱང་གཏན་ལ་དབབ་པར་བཟོད་པ་ཡིན་པས། དེའི་ཚུལ་ལའང་ཡང་དག་པར་བཟོད་པ་ཐོབ་པ་ཉིད་ཡིན་མོད་ནའང་དེ་དག་གི་ཕྱོགས་ནི་གཞན་གྱི་བློར་མི་ཤོང་[A:127]དོགས་མཛད་ན་ས། གོ་བ་ཡིན་ཞེས་འདོམས་ལ། ཐུགས་སུ་བྱོན་པའི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ཀྱང་ཟུང་འཇུག་གི་ལྟ་བ་མཐར་ཐུག་པ་རྟོགས་པ་དེའི་དབང་ལས་བྱུང་ཞིང་། ལྟ་བའི་ཕྱོགས་མཐོང་ཙམ་མིན་པར་ཤིན་དུ་བྱང་བ་ཆེན་པོ་ཐོབ་ཏེ་འཕྲལ་གྱི་སྐུའི་སྤྱོད་ལམ་ཐམས་ཅད་ཀྱང་ལྟ་བ་རྣམ་པར་དག་པའི་དབང་དུ་གྱུར་པ་ཁོ་ནའོ། གསུང་རབ་ཀྱི་ཐ་སྙད་པྲ་མོ་དག་ལ་འཇུག་པ་ནའང་མདའ་བཟུང་བས་གཞུ་ཤོར་བའི་ཚུལ་དུ་མི་འགྱུར་བར། དེས་ལྟ་བ་ཆེས་གསལ་བར་བྱེད་ཅིང་། ལྟ་བའི་དབང་གིས་དེ་ལ་འཇུག་པ་མཐུ་དང་ལྡན་པ་ཉིད་མངའ་བ་ཡིན། ལྟ་བ་དེ་ཡང་ཆོས་ཐམས་ཅད་