[B:54b] དཔལ་ཞལ་གྱི་ལུང་ལ་སོགས་པ་དང་། ཟབ་མོའི་མདོ་སྡེ་དུ་མ་རྣམས་དང་། གསང་སྔགས་སྔ་འགྱུར་གྱི་སྐོར་མང་པོ་ལ་སོགས་པ་འགལ་མེད་དུ་ཡང་དག་པར་བསྟན་པར་མཛད་པས། བསྒོམས་པ་ལས་བྱུང་བའི་ཉམས་མྱོང་དང་གསུང་རབ་ཟབ་མོ་རྣམས་དོན་ཅིག་པར་སྦོལ་ཏེ་གསུང་བ་ལ། ། འགྲན་པའི་ཟླ་ཐམས་ཅད་དང་བྲལ་སེམས་སོ། གཞན་ཡང་ཡུན་དུ་བསྟེན་པའི་འཁོར་དང་། མཆེད་གྲོགས་ཤེས་རབ་ཕུན་སུམ་ཚོགས་པ་དང་། མོས་པ་རྣམ་པར་དག་པ་དང་། ཕ་རོལ་དུ་ཕྱིན་པ་དང་། རྒྱུད་སྡེའི་ཕྱོགས་ལ་ཡངས་པའི་བློ་གྲོས་ཀྱིས་དབང་བསྒྱུར་བ་དང་། དབེན་པའི་གནས་སུ་བསམ་གཏན་པ་དག་སུས་ཀྱང་སྐུ་ཡོན་ཏན་གྱི་གཏིང་མཐའ་རྟོགས་ནས་འདི་ཙམ་མོ་ཞེས་ཚད་རྣམ་པར་བཞག་པ་ནི་མེད་ཀྱང་། རིན་ཆེན་སྒང་པ་དཔལ་ཆོས་ཀྱི་གྲགས་པ་ཞེས་བྱ་བའི་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་ལས་ཀྱང་ཆེས་[A:129]དམ་པར་གྱུར་པ་དེའི་ཞལ་ནས་ནི། བྱམས་པ་གླིང་པའི་སྐུ་ཡོན་ཏན་དེ་ལ་རྒྱས་པ་ཟེར། ཁོང་གི་འདི་ལ་སྨིན་པ་ཟེར་བ་ཡིན་གསུང་བ་དང་། དགེ་བའི་བཤེས་གཉེན་ཆེན་པོ་དར་ཐུལ་བས་ལོ་ཙཱ་དེ་ནག་ཚོ་དང་མཉམ་པར་འདུག་གསུང་བ་ཙམ་ལས་གཞན་མ་ཐོས་སོ། དང་པོར་ཕར་ཚད་ཀྱི་གྲ་སྐོར་མཛད་རྗེས་རྒྱུད་བླ་འཇུག་པ། སྤྱོད་འཇུག་རྣམས་ལ་བཤད་པ་མཛད་པས་ཁ་ཅིག་གིས་དཀའ་བཞི་བ་ཞེས་མཚན་དུ་གསོལ་ཏེ། དེ་དུས་ཐེག་པ་ཆེན་པོ་དབུ་མའི་ལུས་རྣམས་ཀྱང་རྫོགས་ཤིང་གཞནཡང་འདུལ་མཛོད་ལ་སོགས་མང་དུ་དགོངས། དེ་ནས་རེ་ཤིག་ན་ནི་དཀའ་བཅུ་པ་ཞེས་མཚན་དུ་གསོལ་བར་བྱེད་པ། དེའི?དའི་སྐབས་ནའང་པོ་ཏི་བཅུ་བས་ལྷག་པར་ཕ་རོལ་དུ་ཕྱིན་པའི་ཕྱོགས་མང་པོ་དང་། རྒྱུད་སྡེའི་ཕྱོགས་ཤིན་དུ་མང་བར་དགོངས་ཏེ་འདི་ཙམ་མོ་ཞེས་བཅད་པ་མེད་དོ། དེ་ནས་ནི་བཞུགས། བཞེངས། གནས་གཞན་དང་གཞན་དག་ཏུ་གཤེགས་བཞུད་ཅི་མཛད་ཀྱང་། དུས་ཐམས་ཅད་དུ་གསུང་རབ་ཀྱི་ཚིག་དོན་ལ་ཐུགས་ཀྱི་འཇུག་པ་ཆུ་བོའི་རྒྱུན་བཞིན་དུ་གྱུརཏེ་ཆོས་ལུགས་ཀྱང་འདི་མི་གཟིགས། མ་གཟིགས་ཞེས་བྱ་བ་མེད། དེ་ཐམས་ཅད་ཀྱི་ཚིག་དོན་ཐམས་