R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 57a
[B:57a] པའི་འོད་དང་བཅས་པའི་བཤད་པ་རྫོགས་པར་གནང་། ཁོང་ཤེས་རབ་ཆེ་ཞིང་བློ་ལས་སུ་རུང་བསམས་ལེགས་པར་གོ་ཞིངཡོད་ཅེས་བསྔགས་པ་མཛད། དེའི་དབྱར་མཇུག་རྡོ་རྗེ་འཛིན་པ་བཀྲ་ཤིས་རྒྱ་མཚོ་བས་རྔོ་ཐོག་ཏུ་སྤྱན་དྲངས་སྒྱུ་འཕྲུལ་ཞི་བ་དང་། དོང་སྤྲུགས་ཀྱི་དབང་། འམ་རྣམ་བཀོད་རྒྱས་པར་གསུངས། གླང་ལོའི་དཔྱིད་སྤྱན་གཡས་ཀྱི་བྱང་གི་དགོན་པ་གསར་པར་བཞུགས་ནས་རྔོ་ཐོག་པ་སློབ་དཔོན་ཆོས་རྒྱལ་གྱིས་གསོལ་བ་བཏབ་པའི་ངོར་དཔལ་གསང་བ་སྙིང་པོའི་རྒྱུད་འགྲེལ་བ་སྤར་ཁབ་དང་བཅས་པའི་བཤད་པ་ལེགས་པར་གནང་དུས། ཆོས་གཏོར་རྒྱ་མཐོངས་ཀྱི་སྟེང་ཁ་ཅིག་ན་བཤམས་ནས་བསྔོ་ཞིང་ཡོད་པའི་ཚེ་ཁོང་གིས་ཚབ་ཚུབ་ཅིག་བྱས་བེམས་པོའི་མཐུས་རླབས་ཅིག་རྒྱབ་སྟེ་གཏོར་མ་ཤོད་དུ་ལྷུང་། དེ་ནས་ཆོས་མ་ཐོན་གྱི་བར་དུ་ངའི་ལུས་ཀྱི་སྨད་ཐམས་ཅད་ཐོར་པ་དམར་པོ་ཞིག་གིས་ཁེངས་ནས་མ་བདེ་གསུང་། ཕྱིས་ཀྱང་ཆོས་གཏོར་ལ་ཤིན་དུ་གཟེག་པར་མཛད། སྣང་བ་ཁྲ་མོར་སྟོན་པ་རིན་ཆེན་དཔལ་བཟང་ཀྱིས་དུས་འཁོར་ལ་ནན་ཆགས་ཞུ་བ་ཡིན་ཞེས་པ་ལ། འགྲེལ་ཆེན་གྱི་དབང་ལེའི་བཤད་པ་དང་། སློབ་དཔོན་ཆོས་རྒྱལ་ལ་གསང་སྙིང་གི་ལམ་རྣམ་བཀོད་གསུངས། དེ་ཙ་ན་ཁོ་གཉིས་དང་སློབ་[A:135]དཔོན་ནམ་ལེགས་ལ་སོགས་པའི་སློབ་མ་སྙིང་ཉེ་ཞིང་གུས་པ་དེ་འདྲ་བ་ཡོད་དེ་ཁོང་རྣམས་ད་ཤི་བ་གསུངས། འཇུ་ལྷ་ཁང་སྟེངས་སུ་གདན་ས་བ་སངས་རྒྱས་རྒྱལ་མཚན་ལ་དུས་འཁོར་གསུང་བར་བརྩམས་པ་ན་ཁོང་རང་གིས་སྔར་སྟོན་ནག་གྲགས་པ་རྒྱལ་མཚན་པ་ལ་དུས་འཁོར་བརླབས་པས་ཁོང་མ་དགྱེས་དོགས། དུས་འཁོར་བཤོལ་ནས། བླ་མ་ལྔ་བཅུ་པ་དང་རྩ་ལྟུང་བཅུ་བཞི་པ་རྗེ་རིན་པོ་ཆེའི་རྣམ་བཤད་ཀྱི་སྟེང་ནས་གནང་། དགུང་ལོ་སོ་བཞི་པ་ཤིང་སྦྲུལ་
1425ལོ
ལ་རྒྱ་དུར་དུ་ཕེབས། སློབ་དཔོན་ནམ་མཁའ་ལེགས་པ་ལ་དོན་དམ་བསྙེན་པའི་བཤད་པ་དང་དུས་འཁོར་རྒྱུད་འགྲེལ་ལེགས་པར་གསུང་པའི་ཚེ། ཁོང་བྲེལ་ནས་ལེའུ་གསུམ་པའི་འཚམས་སུ་འཕྲོར་ལུས་པས་དུས་ཕྱིས་ཁོང་གིས་ཡང་ཞུས་པས་སྔར་ཆག་མཚམས་སུ་ན་བས་རྒྱུད་ཆག་ལ་ཤིན་དུ་འཛེམ་པ་གནང་། ཁོང་དང་པོ་རྩིས་ཕྱོགས་གོ་ཡོད་པ།