[B:56b] ཁྲིག་འབུམ་འགྱུར་དུ་བསྐལ་པའམ་བསྐལ་པ་བརྒྱར་སྟོན་ཡང་ཆོས་ཀྱི་སྒོ་དེའི་ཚིག་དང་སྤོབས་པ་ཡོངས་སུ་བྲི་བར་ཡང་མི་འགྱུར་བས་ན། དེའི་ཕྱིར་མང་དུ་ཐོས་པ་ཞེས་བྱའོ། ཞེས་འབྱུང་བ་དང་རྗེས་སུ་མཐུན་པར་རྒྱུད་བླ་མའི་འགྲེལ་བཤད་རྩོམ་པའི་སྐབས་སུ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྐལ་པར་གསུངས་ཀྱང་དེའི་དོན་ཟད་པར་མི་འགྱུར་བའི་སྤོབས་པ་མངའ་བར། སློབ་དཔོན་སྨོན་ལམ་གྲགས་པ་ཡི་གེ་པ་ཡིན་པས། དེ་ལྟར་གོ་བ་ནི་རྗེ་ཉིད་ཀྱི་བྱིན་བརླབས་སུ་ངེས་སོ་ཞེས། རྗེས་སུ་ཡིརངས་པ་སྐྱེས་སོ།
༢༤ སློབ་མ་མཆོག་དམན་བར་མིའི་སྐལ་བ་དང་མཚམ་པར་ཆོས་སྟོན་པ་ལ་ངལ་བ་མི་མངའ་བ་ཞེས་པ་ནི།
དགུང་ལོ་ཉི་ཤུ་རྩ་དགུ་པ་ལྕགས་ཕོ་བྱི་བའི་ལོ་
1420ལོ
ཡན་དུ། མཁས་གྲུབ་ཀྱི་བླ་མ་བཞི་བཅུ་རྩ་གཉིས་ལ་གཏུགས་ནས། མདོ་སྔགས་ཐ་སྙད་ཀྱི་གསུངས་རབ་རྒྱ་ཆེན་པོ་ནི་གསན། རྒྱ་བོད་ཀྱི་བསྟན་བཅོས་མང་དུ་གཟིགས་པ་ལ་ནི་མཐའ་མེད། ཟབ་ཅིང་རྒྱ་ཆེ་བའི་ཆོས་ལུགས་ཐམས་ཅད་ལ་ཕྱོགས་རིས་སུ་ནི་མི་འབྱེད། བོད་ཡུལ་འདིར་གྲུབ་མཐའ་སྣ་ཚོགས་ཀྱི་གང་ལའང་ཆགས་སྡང་ནི་ཅུང་ཟད་མི་མངའ་རིགས་སད་པས་གསུང་རབ་ཀྱི་དོན་ལ་ཐོས་བསམ་གྱི་ཤེས་རབ་ཀྱི་ཀློང་ཆེན་པོ་ནི་རྡོལ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་བཞིན་པ་ལ་བཟོད་པ་ནི་ཐོབ། ཇི་ལྟར་དགོངས་པའི་གསུང་རབ་ཀྱི་དོན་ཐམས་ཅད་ལུང་དང་རིགས་པས་གཞན་ལ་འདོམས་པ་ལ་སྤོབས་པའི་འགྲན་ཟླ་ནི་མེད། ཐུགས་ཀྱི་འཇུག་པ་ཐམས་ཅད་གསུང་རབ་ཀྱི་ཚིག་དོན་དུ་ཤར་བའི་སྣང་བ་ཆེན་པོ་ནི་རྒྱས། འཇིག་རྟེན་འདིའི་ཆེ་ཐབས་ཁོ་ན་[A:134]སྒྲུབ་པའི་འདུན་པ་ནི་ངར་སྣབས་བཞིན་དུ་དོར། མཛད་པ་ཐམས་ཅད་དང་གཞན་གྱི་དོན་ཆེན་པོ་སྒྲུབ་པའི་རྒྱུར་སྤྱོད་པ་ལ་ནི་རེ་འཇོག་མེད། མཁས་པའི་མདུན་པ་ཐམས་ཅད་དུ་སྐུ་ཡོན་ཏན་གྱི་སྙན་པའི་འོད་དཀར་གྱིས་ནི་ཁྱབ། སྙིགས་མའི་དུས་འདིར་བསྟན་པ་རིན་པོ་ཆེའི་སྲོག་ཤིང་དུ་གྱུར་པ་གང་གིས། ལོ་དེའི་དབྱར་སྤྱན་གཡས་སུ་སྟོན་པ་རིན་ཆེན་དཔལ་བཟང་ཞེས་བྱ་བ་མི་ཕྱེད་པའི་གུས་པ་ཅན་གྱིས་གསོལ་བ་བཏབ་པ་ལྟར། ཁོང་གི་སྤྱིལ་པོར་ཉིན་རེ་བཞིན་བྱོན་ནས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དྲི་མ་མེད་