[B:58b] ཡིད་བཟང་རྩེར་དྲུང་ནས་ཀྱིས་གསོལ་བ་བཏབ་པས་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་གནང་བ་དང་དུས་མཚུངས་སུ་ཆོས་རྗེ་རིན་པོ་ཆེ་ནམ་པ་ལ་སྦྱོར་དྲུག་གི་ཁྲིད་སྩལ། དེའི་ཚེ་དགེ་བཤེས་བཀྲས་བཟང་གིས་ཁྲིད་ཞོར་ཡང་དང་ཡང་དུ་ཞུས་ནའང་། སྣོད་དང་མི་ལྡན་པར་གཟིགས་ནས་གསུང་འཇམ་པོས་བཟློག་པར་[A:138]མཛད། རྩེས་ཐང་གི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཤིན་ཏུ་མང་པོ་ལ་དཔལ་དུས་ཀྱི་འཁོར་ལོའི་དབུ་ཞབས་ཀྱི་དོན་ཐམས་ཅད་ཟིན་ཐུན་དུ་གནང་། ཆུ་ཕོ་ཁྱིའི་ལོ་དཔྱིད་ཟླ་འབྲིང་པོ་ནས་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་པའི་བཀའ་ལུང་གིས་རྒྱལ་བཟང་དུ་དགེ་འདུན་རྣམས་ལ་ཕོགས་དང་མང་སྐོལ་ལ་སོགས་པའི་མཐུན་པའི་རྐྱེན་བཟང་པོ་སྦྱར་ནས། སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོ་བའི་དྲུང་ནས་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཤིན་དུ་མང་བའི་དཔེ་འགྲེམས་དགུ་བཅུ་རྩ་ལྷག་པ་ཞིག་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དྲི་མེད་འོད་དང་བཅས་པ་ཤོང་འགྱུར་གྱི་སྟེང་ནས་བཤད་པ་ཡོངས་སུ་རྫོགས་པ་དང་། དེའི་ཞོར་ལ་དགེ་བའི་བཤེས་གཉེན་རགས་བསྡུས་ཅིག་ལ་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་བཤད་པ་ལེགས་པར་གནང་། དེ་རྗེས་ཀྱི་ཆུ་མོ་ཕག་ལ་སློབ་དཔོན་ཨཱནནྡ་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་ལ་བརྟག་གཉིས་ཀྱི་བཤད་པ་དང་དུས་མཚུངས་མདོ་སྡེ་རྒྱན་གྱི་བཤད་པ་མཛད། སློབ་དཔོན་ཨཱནནྡ་པས་རྒྱུད་གསུམ་གསང་བ་འདྲ་བ་ཅིག་བརྟག་གཉིས་ལའང་བརྩོམ་པར་གསོལ་བ་བཏབ་སྟེ་མ་གྲུབ་གསུང་། རྩིས་ལ་འཁྲུལ་པ་སེལ་བ་ཡང་ལོ་དེ་ལ་བརྩམས། དབུ་མ་འཇུག་པའི་ཊི་ཀ་རྩོམ་པ་མཛད་པའི་ཚེ་འཕགས་པ་བསོད་བཀྲས་ན་རེ་རྩོམ་བསྟན་དེ་གཟབས་ནས་བྲི་བ་ཞུ། དེ་ལ་གཞན་བཞེངས་མཁན་ཨེ་ཡོང་མི་ཤེས་སོ་ཟེར་བས། ཊི་ཀ་བསྐུལ་མཁན་གྱི་གཏམ་གྱི་ལ་ཉེ་ཞན་དགོངས་ནས་བརྩོམ་འཕྲོར་སྐྱུར། དེ་རྗེས་གཞན་གྱིས་བསྐུལ་ནས་བརྩོམ་པར་བརྩམས་པ་ན། དང་པོའི་རྟེན་འབྲེལ་གྱིས་ཐུགས་ལ་མི་འཆར་བ་འདུག་གསུང་། དེའི་དགུན་ཁམས་ནས་སྒོམ་སྡེའི་དགེ་བཤེས་དབང་ཕྱུག་ལེགས་པ་ཞེས་བྱ་བས་ཞབས་ལ་གཏུགས་ནས་ཁོང་ལ་གསང་སྙིང་ལ་སོགས་པའི་རྙིང་མའི་སྐོར་[A:139]མང་དུ་གསུངས། རྒྱུད་གསུམ་གྱི་གསང་བ་རྣམ་པར་ཕྱེ་