[B:59a] བའི་བཤད་པ་ཡང་མཛད། ཆོས་ཐུན་གྱི་དུས་མིན་མ་ཡིན་པའི་བར་སྟོངས་རྣམས་སུ་འབེལ་གཏམ་མང་དུ་གནང་བས་ཁོང་ཡང་ཤེས་རབ་ཆེ་ཞིང་ཞེ་བཞུན་པའི་སྟོབས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྒོ་མཐའ་དག་ལ་ཤེས་པའི་སྣང་བ་ཆེན་པོ་སྐྱེས་ནས་དུས་རྟག་པར་དྲི་གཏུག་འབའ་ཞིག་བྱེད། ཁོང་ན་རེ་ཁྱེད་ལ་མཁས་པ་འདི་འདྲ་བའི་སྐུ་ཡོན་ཏན་འོང་བ་འཆད་ཉན་མ་མཛད་པར་འགོལ་ས་རྣམས་སུ་བཞུགས་ནས་གསུང་རབ་ལ་ལེགས་པར་སྦྱངས་པས་བྱུང་བར་འདུག་ཟེར། རྙིང་མའི་སྐོར་གསུང་དུས་འབེལ་གཏམ་གྱི་སྐབས་སུ། རོང་ཟོམ་ཆོས་བཟང་གི་འཆད་ལུགས་དང་བཞེད་པ་རྣམས་ལ་ཐུགས་རྩིས་ཆེ་བར་མཛད་པས་ཁོང་ན་རེ། རོང་ཟོམ་འདི་ད་ཙམ་གྱི་མཁས་པ་ཆེན་པོར་མ་བསམས་ངེད་ཀྱི་ཁམས་ནའང་ཁོང་གི་བརྩོམ་པ་མང་དུཡོད་ཟེར། ཁོང་གི་དད་པ་དང་ཁམས་གཤིས་དང་ཡོན་ཏན་དང་ཤེས་རབ་རྣམས་ལ་ཐུགས་ཤིན་ཏུ་དགྱེས། ཁོང་ལ་རྒྱུད་གསུམ་གསང་བ་གསུངས་པའི་ཚེ། རི་ཅིག་ནས་ཆུ་བོ་ཧ་ཅང་ཆེ་བ་མ་ཡིན་ཆུང་ངུ་ཡང་མིན་པ་ཞིག་བབ་ནས་དེའི་རྒྱུན་མ་ཆད་པར་ཕྱིའི་རྒྱ་མཚོ་ཆེན་པོར་འདྲེས་འགྲོ་བའི་མནལ་ལམ་ཅིག་ཀྱང་བྱུང་བས་དེ་འཕྲིན་ལས་ཀྱི་རྟགས་སུ་འདུག་གསུངས། ཁོང་གི་ཞར་ལ་གུང་རུ་དབོན་པོས་ཀྱང་གསང་སྙིང་སྤར་ཁབ་ལམ་རྣམ་བཀོད་རྣམས་ཞུས། ཁོང་གིས་ཅི་ཡང་མ་གོ་བ་ལ་དབང་ཕྱུག་ལེགས་པ་ན་རེ། ཁྱེད་དེ་ཙུག་མ་བྱེད། འདི་དབུས་གཙང་གི་མཁས་པ་ཆེན་པོ་རྣམས་བཞུགས་པའི་འཕྲང་དུ་འདུག་པ་ཟེར། དེ་རེས་ཆོས་ཏོར་གཙུགས་ནས་ཉིན་རེ་བཞིན་སྦྲོན་པ་ལ་འབུ་དུམ་ཅིག་བྱུང་བས། དེ་ཕྱིན་ཆད་ཆོས་གཏོར་ཉིན་རེ་བཞིན་བཤམས་ནས་ཆོས་ཐུན་གྲོལ་འཕྲལ་དུ་གཤེགས་པར་མཛད་པ་ཡིན། དེའི་སྐབས་ཤིག་ན་སྐུ་མཚམས་དམ་པར་བཞུགས་པ་ཅིག་ལ་[A:140]ཆོས་རྗེ་འཕགས་ཆེན་བསོད་ནམས་དར་བ་དགེ་འདུན་དང་བཅས་པ་ཕྱག་འབུལ་དུ་བྱོན་པས་དེ་མ་ཁད་མ་འཇལ་བར་དཔོན་སློབ་སྐྱམ་གྱི་བྱ་འུག་མ་ན་བཞུགས་པའི་སར་སྐུ་མཚམས་དཀྲོལ་ནས་ཕེབས། དགེ་འདུན་རྣམས་ལ་མང་ཇ་སྐོལ། འཕགས་ཆེན་པའི་གསུང་ནས་རྙིང་མ་བ་ལ་ཀ་དག་དང་ལྷུན་གྲུབ་ཟེར་བའི་ཆོས་སྐད་འདུག་པ་ཅི་ལ་ཟེར་བ་ལགས་གསུངས་བས། དེའི་ལན་