R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 5b
[B:5b] ཟིན་བྱུང་གསུང་། མི་བདེན་བྱས་པས་འོ་ན་ཁྱེད་རང་ཚོ་ངའི་མིག་ལ་ལག་པ་ཁོབ་ལ་ལྟོས་ཤིག་གསུང་ནས་བཏོན་པས་ཚང་མར་ཐོན་བྱུང་པ་ཡིན་ཟེར་ནས་དད་པར་བྱེད་འདུག་གོ། དགུང་ལོ་བཅུ་གཉིས་བཞེས་པ་ཆུ་མོ་ལུག་གི་ལོའི་
སྤྱི་ལོ1403
དགུན་ཆོས་ཀྱི་དུས་སུ་རྩེ་ཐང་དུ་སློབ་གཉེར་ལ་ཕེབས། ཡུམ་གྱི་ཉེ་བའི་ཕྱོགས་དེད་ནས་སློབ་དཔོན་བསམ་གྲུབ་བཟང་པོ་བའི་སར་བཞུགས། ཚད་མ་རྣམ་འགྲེལ་ལ་ཐུགས་སྦྱངས། སྐུ་ན་གཞོན་པ་དང་གྲ་པ་གཞན་སུ་ཡང་མི་འདུག་ཁྲོས་ཐུགས་ཤིན་ཏུསྐྱོ་བར་བྱུང་ནས་ང་ལྷགས་བ་འུར་བ་ཅིག་གིས་ཁྱེར་ནས་སྤྱན་གཡས་སུ་སླེབ་བྱུང་ན་དགའ་བ་ལ་སྙམ་པ་བྱུང་། སློབ་དཔོན་ཡང་སྤྱན་རྩ་དམར་ཤིག་གེ་བ་ཞལ་ངོ་ཀྱང་ནག་པ། ནོན་ཤིན་དུ་ཆེ་བར་འདུག་པས་འདིས་ཅིག་བརྡུང་དུ་འོང་དགོངས་པ་བྱུང་། དེ་ནས་ཤིང་ཕོ་སྤྲེའུའི་དཔྱིད་ཀྱི་དུས། མདོ་ལུང་པའི་ཕུའི་ཆོས་སྡིངས་དགོན་པར་ཆོས་བར་ལ་ཕེབས་དེ་དུས་སློབ་གཉེར་བ་ཟླ་བོ་ཅིག་བྱུང་། བགྲོ་གླེང་བརྩིས་པས་དཔྱིད་ཐོག་དེ་ལ་བགྲོ་གླེང་ཆགས་པ་མ་གཏོགས་ཕྱིས་གཞན་དུ་སློབ་མ་དགོས། དབྱར་དེ་གྲ་པ་དཔུང་ཆེ་བར་འདུས། [A:12]བྱ་ལོ་ལ་གྲ་ཕྱི་ཚོང་འདུས་སུ་གྲ་ཚང་ཐམས་ཅད་ཀྱིས་ཆོས་བར་ལ་བྱོན། སློབ་དཔོན་སྟོན་ཤཱཀ་པ་ལ་ཕར་ཕྱིན་གསན། ཕག་ལོའི་བར་དུ་ཚད་མའི་གཞུང་དང་ནོར་བཟང་ཊཱི་ཀ་ལ་ཐུགས་ལེགས་པར་སྦྱངས་པས་རྣམ་འགྲེལ་ལེགས་པར་ཐུགས་སུ་ཆུད། དེའི་བར་ལ་སློབ་དཔོན་པའི་ཕྱག་འཇུག་ཀྱང་མང་དུ་ཁུར། ལན་ཅིག་ས་རུབ་གདོང་ཅིག་ཏུ་ཕྱག་བཅུག་པས་བྲོས་ཐར་ཏེ། ཆོས་སྡིངས་ཀྱི་རིའི་མཐུར་ལ་བྲོས་པས་མ་ཟིན་པར་རྗེས་ན་མར་རྦབ་མཛད་བྱུང་བས་ཐུགས་རབ་ཏུ་སྐྲག་ནས་བྲོས་པས་གད་གཡང་ཆེན་པོ་དཔངས་ཤིན་དུ་མཐོ་བ་ཅིག་ལ་བང་ཐལ་ཡང་། ཞིང་ཁ་ཅིག་ཏུ་བབས་པ་ལ་སོགས་པ་གྲངས་ཀྱིས་མུ་ཆོད་པའི་སྦྱོངས་སྤྱོད་བྱུང་སྟེ། ང་རང་གི་དོན་ལ་ཕྱག་བཅུག་པ་ཡིན་དགོངས་པ་མ་གཏོགས་དད་པ་ལོག་པ་ཅིག་ཀྱང་མ་སྐྱེས། དེའི་སྟོབས་ཀྱིས་སྒྲིབ་པ་དག་ནས་ཕྱིས་ཀྱི་ཡོན་ཏན་ཐམས་ཅད་དེས་བྱུང་བ་ཡིན་པར་འདུག་གསུང་། ཁྱི་ལོའི་དགུན་རྩེ་ཐང་དུ་གཞུང་སྐྱུར་དང་བཤད་སྟོན་མཛད།