R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 59b
[B:59b] ལེགས་པར་བཏབ། ཤིང་ཕོ་བྱི་བའི་ལོ་ཟླ་བ་གསུམ་པའི་ནང་དུ་ཆོས་རྗེ་སེམས་དཔའ་ཆེན་པོ་མཇལ་དུ་མདོ་སྔགས་གླིང་དུ་ཕེབས་ནས་སྐུ་མདུན་དེའི་དགེ་བའི་བཤེས་གཉེན་དཀའ་བཞི་བ་ཆོས་རྒྱལ་བ་ལ་སོགས་པ་དང་འབེལ་གཏམ་མང་དུ་མཛད། སེམས་དཔའ་ཆེན་པོའི་གསུང་ནས་ཁྱེད་ལ་ཙན་དན་གྱི་ཕྲེང་བ་ཅིག་ཡོད་ན་སློང་གསུང་བས་ཕྱིས་གཅིག་འབུལ་དུ་བསྐུར་བས་ཐུགས་དགྱེས་པར་བྱུང་། སྐུ་ལུས་ཀྱི་འབྱུང་བ་རྣམས་བསྡུས་པས་ཡུན་དུ་མི་བཞུགས་པར་འདུག་ཅེས་སྨྲས་ཏེ། དེ་རྗེས་ཟླ་བ་བདུན་པ་ལ་གཤེགས་གསུང་། དེ་ནས་འཕྱོས་ཀྱི་ཕུ་འཇལ་རྫོང་དུ་བཞུགས་ནུབ་ཅིག་འཇའ་དཀར་པོ་གཟིགས་པས་འདི་མཐོང་བ་འཆི་ལྟས་སུ་བཤད་དགོངས་པ་བྱུང་སྟེ་ཕྱིས་གོང་ནས་གཤེགས་པའི་ལྟས་སུ་འདུག་གསུང་། དེའི་སྟོན་སྲིན་ལུང་དུ་བཞུགས། དེ་ནས་སྣེའུ་གདོང་རྩེར་ཕེབས་པ་ན་གོང་གི་བཀའ་ལུང་ལ་ཁར་སང་བར་ངེད་ཀྱིས་ཕྱག་ཆེན་ཞུས་པ་ཡིན་པས་དོ་ནུབ་ཕྱག་རྒྱ་ཆེན་པོའི་འབེལ་གཏམ་གྱིས་གསུང་ནས་དགེ་བའི་བཤེས་གཉེན་རྣམས་ཀྱིས་འབེལ་གཏམ་མཛད་པའི་ཚེ་བདག་ད་ལྟར་ཞལ་སེ་ལྷག་གེ་བ་འདི་ཁ་ཕྱག་རྒྱ་ཆེན་པོར་འདོད་པ་ཡིན་བྱས་པས་ཁ་ཅིག་དེ་ལ་མ་ཤེས་པར་ངན་དུ་སྨྲ་བ་ཡང་བྱུང་། དེ་ནས་གོང་ནས་སྙུང་ནས་རེ་ཤིག་གི་བར་དུ་རྩེར་བཞུགས། དེ་རྗེས་བསམ་གཏན་གླིང་དུ་སྐུ་མཚམས་མཛད། གླང་ལོ་ལ་འཇུ་ལྷ་ཁང་སྟེངས་སུ་བཞུགས། སྟག་ལོ་ལ་ཡིད་བཟང་[A:141]རྩེར་ཚིག་གསལ་ནག་འབྱམ་གྱི་བཤད་པ་ལེགས་པར་གནང་། དེའི་སྟོན་དབུ་མ་ལ་འཇུག་པའི་བཤད་པ་དགེ་བའི་བཤེས་གཉེན་མང་པོ་ལ་གསུངས། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་པའི་ཞལ་སྔ་ནས་ལ་བརྟག་གཉིས་ཀྱི་བཤད་པ་གནང་བས་ཁོང་གིས་གསང་སྔགས་ཀྱི་སྐུ་ཡོན་ཏན་གྱི་གཞི་དེར་ཐིངས་པ་ཡིན་གསུང་ཞིང་། སྐབས་འདི་སྐོར་དུ་རྩེ་ཐང་ནས་དྲུང་གདན་ས་བ་སྐུ་ཁམས་མ་བདེ་བས་དེའི་བྱིན་བརླབས་ལ་ཕེབས་དགོས་གསུངས་ནས། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་གྱིས་ལྗང་ཕོ་བྲང་དུ་བྱོན་པ་ལ་དང་པོར་ཤར་ཁང་དུ་བཞུགས་ནས་སློབ་གཉེར་མཛད་ལུགས། མཆེད་གྲོགས་རྣམས་ཀྱི་ཐད་དུ་འགྲོགས་ཚུལ། དེ་ནས་སྐུ་ཡོན་ཏན་བཅད་རབས། དེ་རྗེས་རྒྱ་དུར་དུ་བཞུགས་པ་ལ་སོགས་པ་རྒྱས་པར་བསེད་