[B:61a] གསུམ་པ་ལྕགས་ཕོ་རྟའི་ལོའི་
1450ལོ
དཔྱིད་ཟླ་འབྲིང་པོ་ལ། དགེ་བའི་བཤེས་གཉེན་མང་པོ་ལ་དབུ་མ་འཇུག་པའི་བཤད་པ་རྒྱས་པར་མཛད། འོལ་ཁའི་དུས་གཟིངས་ཀྱིས་བྱང་སྲིད་མི་དཔོན་བསམ་རིན་པ་ལ་སྣེའུ་གདོང་དུ་ནག་ཐུག་སྲོག་དང་འབྲལ་བའི་ལུང་བུད་པ་ལ་ཞུ་བ་མཛད་པས་སྲོག་བསྐྱབ་ཐུབ། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་པའི་ཞལ་སྔ་ནས་བཙན་ཐང་དུ། རྗེ་བཙུན་བྱམས་པའི་གསེར་སྐུ་རབ་ཏུ་གནས་པ་མཛད་པའི་ཚེ་ངས་ཀྱང་ཆོ་ག་འདྲ་བ་ཞིག་བྱེད་ལོ་ཙམ་བྱས། ཁོང་གིས་ཕྱག་རྡོར་འཆི་[A:144]བདག་འཇོམས་པའི་སྒོ་ནས་རབ་གནས་མཛད། ལྷ་ལ་ཡེ་ཤེས་པ་ཐུགས་ཀྱི་སྟོབས་བསྐྱེད་ནས་འབེབས་ཤིང་འདུག་པས། ང་ལ་བྱིན་བརླབས་ལེགས་པར་བབས་བྱུང་། དང་པོ་ནས་གཞན་དང་མི་མཉམ་པ་ཞིག་ཡོད་པ་ཡིན་གསུང་། དེའི་དབྱར་སྟོད་ནས་དགེ་བའི་བཤེས་གཉེན་ཤིན་དུ་མང་པོ་ལ་བསླབ་པ་ཀུན་ལས་བཏུས་པ། མདོ་སྡེ་རྒྱན། ཆེད་དུ་བརྗོད་པའི་ཚོམས། དཔའ་བོའི་སྐྱེས་རབས། སྤྱོད་འཇུག་རྣམས་དང་། རྗེའི་ལམ་རིམ་ཆུང་བ་ཡང་གནང་། རྡོ་རྗེ་འཛིན་པ་རྡོ་རྗེ་བཟང་པོ་བ་དང་ཆེན་པོ་བསོད་ཡོས་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་ལ་བརྟག་གཉིས་ཀྱི་བཤད་པ་དང་གུར་དང་གདན་བཞིའི་ལུང་ལ་སོགས་པ་མཛད། དེ་ནས་རྡོའི་མཐོང་སྨོན་དགོན་པར་ཕེབས་ནས། ཆེན་པོ་དཔལ་འབྱོར་རྒྱ་མཚོ་བའི་དྲུང་དཔོན་སློབ་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་ཐོགས་ཤིག་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་ཤིན་དུ་རྒྱས་པར་གསུངས། ཁོང་ལས་དྲི་བ་ལ་མཁས་པ་མེད་གསུང་ཤིན་དུ་དགྱེས་པར་བྱུང་ཞིང་། དུས་དང་གནས་སྐབས་ཐམས་ཅད་དུ་འབེལ་གཏམ་ཁོ་ནས་དུས་འདའ་བ་ཡིན། བེའུ་བུམ་སྔོན་པོ་ལ་སོགས་པ་གསན་ནས་ཁོང་རང་གི་གྲ་པ་རྣམས་ལ་གསུང་བ་ཡང་མཛད། ལྕགས་མོ་ལུག་གི་ལོའི་དབྱར་ལྷ་ཁང་སྟེངས་སུ་ཚོགས་པ་སྤྱི་པ་རྣམས་དང་སྐྱ་ནག་སུ་འོང་ལ། བཅོམ་ལྡན་རལ་གིས་བསྒྲིགས་པའི་སྐྱེས་རབས་གསུངས། དེར་མཚན་མ་ངན་པ་ཅུང་ཟད་ཅིག་གཟིགས་ནས་རིམ་གྱིས་རྩེས་ཐང་དུ་ཕེབས། སྟོན་མཇུག་འོན་གྱི་དཔལ་རིར་ཆོས་གསུང་བའི་དགོངས་པ་གནང་བ་ཆབ་མ་འཕྲོད་ནས་སུམ་པ་གྲོང་དུ་ཆོས་གཞི་འཕོས་ནས་