[B:60b] གསོལ་བ་བཏབ་པའི་ངོར་ལྷ་ཁང་སྟེངས་སུ་དགེ་བའི་བཤེས་གཉེན་མང་པོ་ལ་རྒྱུད་གསུམ་གྱི་གསང་བ་རྣམ་པར་ཕྱེ་བའི་བཤད་པ་སྔོན་དུ་འགྲོ་བའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་ཡོངས་སུ་རྫོགས་པ། སྤྱི་ཆོས་སུ་སྐྱ་སེར་ཤིན་ཏུ་མང་བ་ལ་པོ་ཏོ་བའི་བེའུ་བུམ་སྔོན་པོ་རྩ་འགྲེལ་དང་། བཤེས་གཉེན་རྣམས་ལ་སེམས་འགྲེལ་སྐོར་གཞན་རྣམས་ཀྱང་གནང་། དེའི་དབྱར་སྨད་འཕྱོས་ཀྱི་བདེ་བ་ཅན་དུ་དཔོན་སློབ་འགའ་ཞིག་གིས་བཞུགས་ཟབ་པ་དང་རྒྱ་ཆེ་བའི་གསུང་སྒྲོས་ཀྱི་བདུད་རྩིས་བློ་གྲོས་ཀྱི་བུམ་པ་ལེགས་པར་བཀང་ནས་གཞན་ལ་རྗེས་སུ་ཟློས་པ་པོ་སློབ་དཔོན་གཞོན་དབང་པ་དང་། ཐུགས་རབ་ཕུན་སུམ་ཚོགས་ཤིང་དད་པ་དང་མི་གཞིས་ཞབས་ཀྱི་པད་མར་འདུད་པ་ལ་ཟོལ་མེད་པའི་ཀུན་དུ་[A:143]སྤྱོད་པ་ཅན་ཐར་གླིང་གདན་ས་བ་རྡོ་རྗེ་བསོད་ནམས་ལ་སོགས་པ་ལ། འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱུད་ལ་མ་ཟུག་པ་ཡན་གྱི་མདོར་བསྡུས་རྣམས་ལ་མཛུག་ཁྲིད་དང་། དགེ་བའི་བཤེས་གཉེན་ཨ་ཏི་ཤ་ལ་སོགས་པ་ལ་བསླབ་པ་ཀུན་ལས་བཏུས་པའི་བཤད་པ་གནང་། དེའི་སྐབས་སུ་དཔོན་སློབ་འགའ་ཤས་ཀྱིས་གྲུབ་ཐོབ་བསྲུང་བའི་སྒྲུབ་གནས་སྐྱི་ཚང་སྐྱི་མོ་བྲག་གཟིགས་སུ་བྱོན་པས་བྱིས་པ་ལོ་བཅུ་གཅིག་ལོན་པ་ཞིག་འདུག་པ་ལ་དྲི་རྟོག་མང་དུ་གནང་བས་ཁོང་རང་གི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ཐོར་རེ་བ་ཡང་ཞུ་རྒྱུ་འདུག གཞན་ཡང་དྲི་བཤད་མང་དུ་མཛད་པས་ཁོང་ན་རེ་ལྷ་བསྒོམས་པ་འདིས་རང་འཁོར་བ་ལས་མི་གྲོལ་བ་འདྲ་ཟེར་བས་ཡ་མཚན་ཞིང་བློས་མི་འཁྱུད་པའི་ཐུགས་དགོངས་འཁྲུངས། ཁྱོད་རང་ངའི་ཕྱིར་ཕྱིན་པ་འཐད་གསུངས་པས་ཕྱིན་ཆོག་ཟེར་ནས་འགྲོ་གྲབས་བྱས་པས་ཁོང་རང་གི་ཁུ་བོ་དེས་མ་བཏང་། དེས་རྗེས་སུ་རྟེན་འབྲེལ་ལ་གནོད་པར་བྱུང་གསུངས་སྟེ། བྱིས་པ་དེ་ནི་ཕྱིས་ལྷུན་བདེ་རབ་འབྱམས་པ་ཡིན་ནོ། དེའི་དགུན་རྩེ་ཐང་དུ་རྒྱུད་བླ་ཐོགས་མེད་འགྲེལ་ཆེན་གྱི་སྟེང་ནས་དགེ་བའི་བཤེས་གཉེན་མང་པོ་ལ་གསུངས། ཕར་ཕྱིན་གྱི་དོན་བདུན་བཅུ་ཡན་ལ་བཤད་པ་དང་། སྐབས་ཤིག་ལ་གསང་འདུས་རིམ་ལྔའི་བཤད་པ་ཡང་གནང་། དགུང་ལོ་ལྔ་བཅུ་རྩ་