R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 66a
[B:66a] མང་དུ་གསན་པར་བཞེད་ནའང་མ་ཕུལ། སྤྱན་སྔ་ཀུན་རྡོར་བ་ཡང་ང་དབང་མང་པོ་ཅིག་ཞུ་བསམ་པ་ཡིན་ཏེ། གཅིག་གིས་ལན་པ་ཡིན་གསུང་། དེ་ནས་གནམ་མཚོ་ལ་སོགས་པའི་བྱང་རྣམས་གཟིགས་པར་བཞེད་ནའང་སྟབས་མ་བདེ། ཆོས་མང་དུ་ཕུལ་ཚར་བ་དང་ནམ་ཟླའང་རེ་མཐོར་སོང་བས་ཡར་ལུངས་སུ་ཕེབས་པར་བཞེད་དེ་སྔོན་ལ་ན་ལེན་ཏྲར་ཆོས་རྗེ་རོང་ཆེན་པའི་སྐུ་གདུང་ལ་ཕྱག་འབུལ་དུ་ཕེབས། མཁར་རྩེ་བ་ཁུ་དབོན་ཞལ་ངོ་རྣམས་ཀྱིས་སྤྱན་དྲངས་ནས་རྣལ་འབྱོར་ཡན་ལག་དྲུག་པ་གནང་། ན་ལེན་ཏྲར་མང་སྐོལ་དང་གདུང་ཁང་ལ་ན་བཟའ་སོགས་ཕུལ། དེ་དུས་བདག་པོ་རྒྱ་གར་བ་གདན་ས་ན་བཞུགས་པ་ལ་མཇལ་བའི་རྟེན་འབྲེལ་ནི་མ་འགྲིག ཉེ་གནས་ནམ་[A:156]མཁའ་དཔལ་ལྡན་པ་དང་མཇལ་ནས་ཤིན་དུ་དགྱེས་པར་མཛད། གླང་ཐང་དང་ལྷུན་པོ་རྩེར་ཡང་བྱོན། དེ་ནས་སྤོ་ཏོར་ཕེབས་ཏེ་འདི་ངའི་དབུ་མ་སྐོར་གྱི་རྡོ་རྗེ་གདན་དང་འདྲ་གསུང་། དགེ་བའི་བཤེས་གཉེན་ཆེན་པོ་གཞོན་ནུ་དཀོན་མཆོག་པ་དཔོན་སློབ་རྣམས་ལ་གསོལ་ཇ་ཞུས། ཁོང་དཔོན་སློབ་གང་ཡོད་ཀྱིས་ཀྱང་བསུབ་ཕྱག་གདང་དང་སྣ་ལེན་མཛད། འབེལ་གཏམ་མང་དུ་བྱུང་། ཁོང་ཡང་དེ་སྐོར་གྱི་བླ་གཅིག་མར་བཞུགས་པས་ཐུགས་ཀྱི་མཐོང་ཡང་ཆེན་པོ་གནང་། དེ་ནས་སྟག་ལུང་དུ་ཕེབས། རེ་ཞིག་ན་འདེགས་པར་ཡང་དགོངས། རེས་བྱང་ཕྱོགས་རྣམས་སུ་གཞི་ཕབ་ནས་བཞུགས་པར་ཡང་དགོས་པ་ལ་སྟག་ལུང་ན་ལྷ་ཆེན་བཞེངས་པ་ལ་སོགས་ཀྱི་བྱ་བ་རྒྱ་ཆེན་པོ་ཟུག་འདུག་པས་དཀའ་གནས་ཆེ་བར་དགོངས་ཏེ། ཟླ་བ་དགུ་པའི་ནང་དུ་བཏེག་ནས་ཐང་སག་གི་ཐད་ན་མར་ཕེབས་པའི་ཚེ་གུས་པའི་རྣམ་འགྱུར་ཆེན་པོ་དང་། དགེ་བའི་བཤེས་གཉེན་ཁ་ཅིག་འདུག་པ་ལ་དྲི་མེད་ཀྱང་མང་དུ་གནང་། དེའི་སང་དེ་དང་པོའི་ཐུགས་ཞེན་གྱིས་མང་སྐོལ་དང་། གདན་ས་བ་ལ་འབུལ་བ་མཛད། མང་ཇ་དེ་ཤིན་དུ་ཞིམ་པ་ཅིག་བྱུང་བས་དེ་ངའི་རྣམ་པར་དག་པའི་དམ་ཚིག་གི་རྟགས་ཡིན་གསུང་། སྤྱང་ལུང་ཆོས་སྡིངས་སུ་མཇལ་བཀའ་མཆིད་མང་དུ་མཛད་པར་བཞེད་ནའང་། འགྲུལ་སྟབས་མ་བདེ་ནས་ཕྱིས་ཞུ་ཡིག་ཕན་ཚུན་དུ་བསྐུར་རེས་ཀྱིས་འགྲུལ་བར་མཛད་པ་ཡིན། དེ་རྗེས་སྐྱིད་ཤོད་བ་ལམ་ནས་