[B:66b]བཀོད། བདེ་མཆོག་གི་དཀྱིལ་ཆོག་པཎ་ཆེན་རིན་པོ་ཆེས་མཛད་པ་ཡང་བསྒྱུར། དེའི་དགུན་དཀའ་བཅུ་བ་ནམ་མཁའ་རྒྱལ་མཚན་ལ་སོགས་པ་ལ་རིན་ཆེན་ཤིང་རྟའི་བཤད་པ་དང་། བདག་སྒྲུབ་པ་གཞུང་མཛད་ནས་བཤད་པ་ཤིན་དུ་ཞིབ་པར་གསུངས། དགེ་བའི་བཤེས་གཉེན་ཆེན་པོ་འགྲོ་བཟང་པ་དང་བླ་མ་བསྟན་པ་རྒྱལ་མཚན་པ་དང་དཀའ་[A:157]བཅུ་བ་ནམ་རྒྱལ་ལ་སོགས་པ་ལ་གསང་འདུས་སྒྲོན་གསལ་གྱི་བཤད་པ་ལེགས་པར་སྩལ་ནས། འབེལ་གཏམ་ཀྱང་འཕེལ་བར་མཛད། ཁྱི་ལོ་ལ་འཁོར་ལོ་གསུམ་གྱི་རྣམ་བཞག་གི་བརྩོམ་པ་ཡང་གནང་། དེའི་སྟོན་མཁན་ཆེན་རིན་ཆེན་བཟང་པོ་བ་ཕེབས་དཔལ་མཁའ་སྤྱོད་པའི་ཆོས་དྲུག་ཆེན་མོ། ལྷན་ཅིག་སྐྱེས་སྦྱོར། གཅོད་ཡུལ་རྣམས་གསུངས། གཞན་ཡང་ཡོན་སྒོམ་པ་དང་། ཤ་བོ་བ་ལ་སོགས་པ་བླ་མ་རྣམས་དང་ལུང་ནང་གི་མི་ཆེན་རྣམས་དང་ལན་མང་དུ་མཇལ་ཞིང་སོ་སོར་ནས་ཞབས་ཏོག་ཀྱང་མང་དུ་ཞུས། གོང་ནས་ང་ལ་དུས་ཟིངས་ཐམས་ཅད་བདེ་ཆེན་དུ་ཤར་བ་ཡིན། དེ་ལ་ལན་ཐོབ་གསུང་བའི་ཆབ་ཤོག་བྱུང་བ་ལ། བདག་མོ་བ་ཡུམ་སྲས་དང་མ་བྲལ་ནས་ལེགས་པོ་ཡང་སྟེ་དེ་དང་འབྲལ་བར་འདུག་དགོངས་ནས་དེའི་ལན་དུ། དཔལ་པདྨ་ཆེན་པོའི་གཞལ་ཡས་ན། ཞེས་བྱ་བ་ལ་སོགས་པ་ཕུལ་བ་ཡིན་གསུང་། དེའི་དགུན་ཕར་ཕྱིན་གྱི་སྤྱི་དོན་བརྩམས། དེའི་དཔྱིད་དགེ་བའི་བཤེས་གཉེན་མང་པོ་ལ་དོ་ཧ་སྐོར་གསུམ། ཕར་ཕྱིན་གྱི་སྤྱི་དོན་ལ་སོགས་པ་མང་དུ་གསུངས། དབྱར་སླར་ཡང་བཀྲ་ཤིས་དགོན་པར་ཕེབས་ནས་སྟག་ལུང་རིན་པོ་ཆེའི་བཀའ་ལུང་གིས་དཔལ་དུས་ཀྱི་འཁོར་ལོའི་དཀའ་འགྲེལ་ཁྱད་པར་ཅན་དང་། འཁྲུལ་འཁོར་བཅུ་གཅིག་གི་ནང་བཤད། རྗེ་བཙུན་པའི་རྩོད་ལན་རྣམས་བརྩམས། དགུན་ཡིད་བཟང་རྩེར་ཕེབས་གདོང་དུ་ཆོས་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔ་ནས་ལ་སོགས་པའི་དགེ་འདུན་མང་པོ་ལ་དཀའ་འགྲེལ་ལ་སོགས་པའི་བཀའ་འབུམ་རྣམས་ཀྱི་ལུང་ལེགས་པར་གནང་། ཕག་ལོའི་དགུན་དཀྱིལ་ནས་སྐུ་མདུན་ན་ཡོད་པ་རྣམས་ལ་དེ་རིང་ནས་ཁྱེད་རྣམས་ཀྱི་གོ་བར་བྱ་རྒྱུ་ཞིག་ཡོད། ང་མཚམས་དམ་པར་བྱེད་པས་ཕྱི་རོལ་ནས་སྐད་ཆ་ཅི་བྱུང་ཡང་ཁྱེར་