R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 65b
[B:65b] ཟབ་མོ། ཞལ་གདམས་སྒོ་འབྱེད་བཅུ་པ། སྟན་ཐོག་གཅིག་མ་རྣམས་ཀྱང་ཕུལ། སྒྲའི་ས་རིས་ཅིག་ཞུ་ཞེས་པའི་བཀའ་ལུང་ཕེབས་པ་ལ། དང་པོ་བསླབས་ནའང་ད་སྐྱུར་བས་བརྗེད་ནས་མེད་ཞུས་པས། ཆོས་རྗེ་རིན་པོ་ཆེའི་བཀའ་ལུང་ལ། མི་དགོངས་པ་ག་ན་ཡིན། བཤད་པ་ཁག་པ་ཐམས་ཅད་དུ་སྐད་དོད་ཀྱི་འཆད་པར་འདུག སོ་མ་གསོང་དགོངས་པར་འདུག་གསུངས། ལུག་ལོ་ར་སྒྲེང་གཟིགས་སུ་ཕེབས་པས། འཇམ་པའི་རྡོ་རྗེ་དང་མཇལ་བའི་ཚེ་ཕ་ཟད་ནས་དངོས་རང་གི་སྣང་བ་བྱུང་། དེ་ནས་ཞིབ་ཏུ་ལྟས་དུས་ལྷ་བཟོ་འབྲིང་ཙམ་དུ་འདུག་གསུང་། རྟེན་བྱིན་བརླབས་ཅན་རྣམས་ཀྱི་གཟིགས་རྟོག་དང་། གླིང་སྐོར་ལ་སོགས་པ་ཐུགས་ཤིན་དུ་ཚིམ་པར་གནང་། ནགས་གསེབ་མཐོན་པོ་ན་ཡང་དགོན་ཟེར་བ་རྗེ་རིན་པོ་ཆེས་བཞུགས་པའི་གཟིམས་ཁང་དང་ཆོས་གསུངས་པའི་ཆོས་ཁྲི་རྣམས་ལ་ཅོད་པན་ཡང་ཕུལ་ཏེ་སྟག་ལུང་དུ་ཕེབས། དང་པོ་ར་སྒྲེང་དེ་དགོན་པ་ཁ་བྱང་བསྟན་ཅིག་ཡོད་ལ་ཆེ་དགོངས་པ་ལ་མཚན་མོ་ཅིག་མནལ་ལམ་དུ། ཁ་ལྷོར་[A:155]བསྟན་པ་ལ་སོགས་པ་གཟིགས་པས་མི་ལ་དྲིས་དུས་ཀྱང་ཁ་ལྷོར་བསྟན་ཡིན་ཟེར། རྟིང་རེས་ཕེབས་དུས་མནལ་ལམ་ཇི་ལྟ་བ་བཞིན་དུ་འདུག་གསུང་། ཀོང་པོ་སྤྱན་སྔ་བ་ལ་ཆོས་རྗེ་རྒྱལ་སྲས་པའི་བཀའ་འབུམ་དང་དཔལ་ཡེའི་ཟིན་བྲིས་ཆེན་མོ་ལ་སོགས་པའི་ཆོས་མང་དུ་གནང་། དཔོན་རྣམ་པ་དང་དགེ་འདུན་མང་པོས་རང་རང་གི་འདོད་ཆོས་མང་དུ་ཞུས་པས་མཆོད་ཁང་སྟེང་གི་གསུང་ཆོས་གྲོལ་ནས། གཟིམས་སྤྱིལ་དུ་ཆོས་ཐུན་རེ་བསྟར་ཆགས་སུ་གནང་དགོས་ཤིང་། ཐར་དགོན་པའི་གྲ་པ་གཉིས་ཀྱིས་ཞུས་ནས་ལམ་རྣམ་བཀོད་ཀྱི་ཁྲིད་གནང་། དེའི་དབྱར་གླང་ཐང་རིན་པོ་ཆེ་ཀུན་དགའ་རྡོ་རྗེ་བ་ཕེབས་འབུལ་བ་ཞབས་ཏོག་རྒྱ་ཆེན་པོ་མཛད། ལམ་འབྲས་དཔེ་མཛོད་མའི་སྐོར་རྣམས་གསུང་ཤིང་། གཞན་ཡང་ཇོ་བོའི་ལམ་ཡིག ཇོ་སྟན་བྱང་ཆུབ་བཟང་པོའི་བེའུ་བུམ་སྔོན་པོའི་འགྲེལ་པ། སྒྲ་མི་སྙན་པའི་ཚེ་སྒྲུབ་ལ་སོགས་པའང་ཞུ་བ་པོ་སོ་སོའི་བློ་ཚིམ་པར་མཛད། སྟག་ལུང་རིན་པོ་ཆེའི་བཀས་བསྐུལ་ནས། འཇམ་རྡོར་གྱི་སྒྲུབ་ཐབས་བརྩམས། རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་