[B:67a] ནས་མང་དུ་གཟིགས། ཉིན་གཅིག་དེའི་རབ་གསལ་དུ་བཞུགས་པའི་སྐབས་ཤིག་[A:158]ན། སྐུ་ལུས་ལེགས་པར་སྲང་། ཞལ་གྱི་དཀྱིལ་འཁོར་ནི་མདངས་ཕུན་སུམ་ཚོགས་པར་གྱུར། སྤྱན་གྱི་གཟིགས་སྟངས་ཀྱང་བསྟོད་དེ་བྲག་ཁྱུང་འདྲ་ངོས་སུ་ཧུར་ཕྱུང་བཞིན་པའི་ངང་ནས་ད་ནི་ང་ཡང་མྱུར་དུ་སངས་རྒྱ། ད་ལྟར་གྱི་སྣང་བ་འདི་ཐམས་ཅད་འོད་གསལ་གྱི་སྣང་བ་ཡིན་པར་ཤིན་དུ་གསལ། དེ་གོ་བ་ཡིན། གོ་བ་རྣམ་པར་དག་པ་དང་རྟོགས་པ་ལ་ཁྱད་པར་ཆེར་མེད་པར་གྲུབ་ཆེན་ཨུ་རྒྱན་པས་བཤད་འདུག་གསུང་། དེའི་དགུན་འོལ་ཁ་རིན་ཆེན་སྒང་ནས་ཆོས་རྗེ་ཆོས་གྲགས་པ་ཡར་ལུངས་ཕྱོགས་སུ་ཕེབས་པའི་ལམ་ཞོར་ལ་ཐུགས་གཅུགས་པའི་སྟོབས་ཀྱིས་མཇལ་དུ་ཕེབས། འབེལ་བའི་བཀའ་མཆིད་མང་དུ་བྱུང་། ཕྱིར་ཕེབས་པ་ན་བན་རྒན་འདི་སྔར་ནས་གཞན་དང་མི་འདྲ་བ་ཅིག་ཡིན། ད་ལན་མཇལ་བས་སྔར་དང་ཡང་གཏན་མི་འདྲ་བར་འདུག བློས་ཐག་ཆེན་པོ་ཅིག་བཅད་འདུག་གོ སྐུ་མདུན་དུ་ཕྱིན་པའི་ཚེ་བྱིན་བརླབས་ཀྱང་གཞན་དང་མི་མཉམ་པ་ཅིག་འདུག་ཅེས་ཡང་དང་ཡང་དུ་སྒྲོགས་པར་མཛད་དོ། དེའི་དུས་ན་ནང་སོ་ཆེན་པོ་རྣམས་སུ་མི་ཕེབས་པའི་དམ་བཅའ་མཛད་པས། ཆོས་ཀྱི་རྗེ་རིན་པོ་ཆེསྤྱན་སྔའི་སྐུ་མདུན་དུ་བྱོན་པའི་ཚེ་ཡང་ཕྱག་འབུལ་བཞེས་པ་ལ་ཕྱིར་ཕེབས། དེ་ནི་ཐུགས་སོ་མི་བསོད་བའི་ཟག་སོག་འོང་བ་ལ་མཐའ་འགོག་པའི་ཐབས་སོ། དེ་ནས་ལོ་གཅིག་ལྷག་ཙམ་ཞིག་སོང་ནས་ཆོས་འབྲེལ་ཀྱང་ཐོར་རེ་བ་གསུངས། བྱ་ལོའི་དཔྱིད་འབྲགརི་པའི་བླ་མ་པ་བྱོན་པ་ལ་རྣལ་འབྱོར་ཡན་ལག་དྲུག་པ་བསྡུས་པ་ཞིག་གནང་། དེའི་དབྱར་དགེ་བའི་བཤེས་གཉེན་ཆེན་པོ་འགྲོ་བཟང་པ་ལ་གསང་འདུས་སྒྲོན་གསལ་གྱི་བཤད་པ། མཁན་ཆེན་རིན་ཆེན་བཟང་པོ་དཔོན་སློབ་བདེ་མཆོག་རིམ་ལྔའི་ལུང་མཛད། བྱ་ལོའི་སྟོན་མཇུག་རིན་ཆེན་ཤིང་རྟ་དང་རྒྱན་བདུན་གྱི་འགྲེལ་བ། སྟག་ལུང་རིན་པོ་ཆེའི་བཀའ་ལུང་གིས་སྤྱོད་[A:159]འཇུག་ཤེར་ལེའི་འགྲེལ་བ་དང་། ཡེ་ཤེས་ཞབས་ལུགས་ཀྱི་འཇམ་རྡོར་དཀྱིལ་ཆོག་བརྩམས། དེར་དབང་བཞི་པ་ཤིན་དུ་གསལ་བར་འགོད་པ་ཞུ་གསུང་བས། དབང་བཞི་པ་རྩལ་དུ་བཏོན་ནས་