[B:68b] བཞུགས་པར་བཞེད་པ་དང་། ཆོས་ཀྱི་རྗེ་སྤྱན་སྔ་ཚེས་གཉིས་རིན་པོ་ཆེའི་ཞལ་སྔ་ནས་འདི་ཕྱོགས་སུ་ཕེབས་ན་མི་དགྱེས་པ་མེད་པའི་སྐབས་ཤིག་ན། ད་ནི་གནས་གཞན་ཞིག་བཙལ་བ་འཐད་པར་འདུག་པའི་རྒྱུ་མཚན་ཡང་ཐོར་རེ་བ་ཞིག་གསུང་། སྐུ་ཉམས་ཀྱང་ངན་ཞིང་མཛད་པ་གང་ལའང་སྟབས་མ་བདེ་བར་བྱུང་ནས། སློབ་དཔོན་སྨོན་ལམ་པ་ཁྱོད་སོང་ལ། སྤྱན་སྔ་རིན་པོ་ཆེའི་དྲུང་དུ་བདག་བྱང་ཕྱོགས་སུ་འོང་བར་འདོད་པའི་རྒྱུ་མཚན་ཕུལ། བཞེད་པ་དང་མི་འབྱོར་བ་མི་འདུག་ན་དུས་ཚིགས་ཐག་ཆོད་ལ་ཤོག བདག་ལ་འཐོག་ཅི་ཡང་མེད། བྱ་བ་འདི་མ་གྲུབ་ཀྱི་བར་དུ་གཞན་སུ་ལའང་མ་སྨྲ། འདིར་ཡང་ངས་སྨྲ་བར་མེད་གསུང་བས། ཆོས་ཀྱི་རྗེ་སྤྱན་སྔ་ཚེས་གཉིས་རིན་པོ་ཆེའི་ཞབས་དྲུང་དུ་དེ་ལྟར་ཕུལ་བས། བཞེད་པ་དང་ཤིན་དུ་འབྱོར་ནས་དེའི་སང་ཉིན་ཆིབས་པ་རྗེས་བཞིན་དུ་འོང་བ་བྱས་ནས། སླར་སྐུ་མདུན་དུ་འོངས་ཏེ་སང་རང་ལ་དུས་གནང་ཡོད་ཞུས་པས་དགྱེས་ཆེས་ཏེ། དེའི་མཚན་མོ་ཤིན་དུ་སྔ་བར་བཞེངས་ནས་ཇ་ཡང་ཡང་སྐོལ་ཀྱང་ནམ་མ་ལངས་ཐུགས་དང་མ་འགྲིགས་པར་སྔ་མོར་ཕེབས། ནམ་ཟ་ཟིའི་སྐབས་སུ་མཆོད་རྟེན་[A:162]ཆེན་མོ་ལ་ཕྱག་ནས་མཛད། ཆིབས་ཐོག་ཏུ་འཐོན་ཏེ་བྱང་ཁར་ཕེབས། ཆོས་རྗེ་སྤྱན་སྔ་ཚེས་གཉིས་རིན་པོ་ཆེ་སྐུ་འཁོར་མང་པོ་དང་བཅས་པས་གྲུ་ཁར་བསུ་བ་ལེགས་པར་གནང་། ཀླུ་ཁང་དུ་ཞག་ཁ་ཡར་བཞུགས། དེའི་སྐབས་སུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་མངོན་ཆུང་གིས་གསན། དེ་རྗེས་སྨོན་ལྡང་མཁར་དུ་བཞུགས་ནས་སྒྲོན་གསལ་གྱི་འགྲེལ་པ་ལེའུ་བཅུ་པ་ཡན་མཛད། དེ་ནས་སྤྱན་སྔ་ཚེས་གཉིས་རིན་པོ་ཆེའི་དྲུང་དུ་གསུང་ཆོས་མང་དུ་འབུལ་དགོས་པའི་བཀའ་ལུང་ནན་དུ་ཕེབས་པས། ཟླ་བ་བརྒྱད་པའི་བཤམ་དུ་བྲག་ཁར་ཕེབས། ནང་སོར་མི་ཕེབས་པའི་དམ་བཅའ་གྲོལ་བརྟག་གཉིས་ཀྱི་རྒྱུད་རྔོག་པའི་རིན་ཆེན་རྒྱན་འདྲའི་སྟེང་ནས་བཤད་པ་ལེགས་པར་ཕུལ་ཏེ། འདི་ལ་བཀའ་རྒྱུད་གཅིག་པའི་རྟེན་འབྲེལ་དང་བྱིན་བརླབས་ཡོད་གསུང་། དེ་ནས་རྒྱུད་གསུམ་གསང་བའི་བཤད་པ་སྔོན་དུ་འགྲོ་བའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་