[B:69a] ཡོངས་སུ་རྫོགས་པ། སེམས་འགྲེལ་སྐོར་གཞན་རྣམས་དང་རྣམ་སྣང་མངོན་བྱང་གི་རྒྱུད། དཔྱིད་ཀྱི་ཐིག་ལེའི་འགྲེལ་བའི་བཤད་པ། དུས་འཁོར་གྱི་འགྲེལ་ཆེན་དཔལ་ལྡན་བླ་མས་མཛད་པའི་ལུང་། ཕར་ཕྱིན་གྱི་བཤད་པ། གསང་སྙིང་སྤར་ཁབ་དང་བཅས་པ་དང་། ལམ་རྣམ་བཀོད་ཀྱི་བཤད་པ། སྒྱུ་འཕྲུལ་ཞི་ཁྲོ་དང་། དཀྱིལ་འཁོར་པདྨ་བརྒྱ་ལྡན་དང་། བླ་མ་ཐོད་ཕྲེང་རྩལ་དང་། རྟ་མགྲིན་གསང་སྒྲུབ་ཀྱི་དབང་ལ་སོགས་པ་གནང་། དེའི་སྐབས་སུ་བྱམས་པ་གླིང་ནས་ཆོས་རྗེ་རིན་པོ་ཆེའི་ཞལ་ཏ་ཕེབས་པ་ན། ཤིན་ཏུ་མཇལ་བར་རིངས། སྐུ་ཚེ་འདི་ལ་ཐེངས་ཅིག་ཅིས་ཀྱང་མཇལ་བ་ཞུ། ཞལ་རྣམ་གཉིས་ཀྱིས་དགུང་ལོ་མཐོན་པོར་ཕེབས་པ་ཡང་ཐུགས་ཀྱིས་དགོངས་པར་ཞུ་གསུང་བ་དང་། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་པའི་ཞལ་སྔ་ནས་ཀྱང་དེ་མཐུན་དང་། ཡར་རྒྱབ་ནས་ནང་སོ་[A:163]རྣམ་པའི་ཞལ་ཏ་ཕེབས་པའི་ཚེ། སྤྱན་སྔ་ཚེས་གཉིས་རིན་པོ་ཆེ་ལ་ཆོས་མང་དུ་ཕུལ་ཚར་བ་ལ་བརྟེན་ནས་ཕེབས་པར་ཞལ་གྱིས་བཞེས་པའི་ཞུ་ལན་ཕུལ་ཚར་བའི་རྗེས་བཞུད་པར་ཉེ་བའི་སྐབས་སུ། ད་ལན་ཕྱིན་ན་བར་ཆད་ཆེན་པོ་འོང་གསུང་ནས་བཤོལ། འདི་བྱུང་ནི་གསལ་བར་མི་གསུང་ངོ་། དེ་ནས་ལྷོ་ཁར་བཞུགས་མ་བཞེད་དེ། བྱང་ཁར་ནང་སོ་ནས་སྨོན་ལྡང་དུ་མཁར་ལས་མཛད། ས་ཞིང་མང་དུ་འབུལ་བས་དེ་རིང་རྩིས་བཞེས་པ་ཞུ་བའི་བཀའ་ལུང་བྱུང་བ་ལའང་ས་ཞིང་གི་དགོས་པ་མེད་པའི་རྒྱུ་མཚན་སྐུ་འཁོར་ན་ཡོད་པ་རྣམས་ལ་ཕྱོགས་ཙམ་གསུང་ཞིང་བཞེས་པ་མ་གནང་། ཡོས་ལོ་ལ་ནང་ཅིག་བཞེངས་པའི་སྐབས་སུ་སྐུ་གདབ་ལ་བརྟེན་ནས་ཞབས་ཀྱིས་ཕེབས་མི་ཐུབ་པ་རྒྱུན་རིང་བར་བྱུང་ནས། འདོ་ལི་ལ་སྤྱན་དྲངས་ཏེ་སྨོན་ལྡང་དུ་ཕེབས། སློབ་དཔོན་སང་ཤེ་བ་ལ་དབུ་མ་ལག་ཚད་གསུངས། དེ་རྗེས་ཕལ་ཆེར་སྐུ་མཚམས་ཁོ་ན་ལ་བཞུགས། ཡོས་ལོའི་དགུན་སྙིང་པོ་གསལ་སྒྲོན་གྱི་བརྩམ་པ་མཛད། དཀའ་བཅུ་བ་གྲགས་པ་མཐའ་ཡས་པ་ལ་རྒྱུ་མཚན་རྩིས་རྣམས་གསུངས། དེའི་རྗེས་སུ་དྲི་མེད་འོད་ཀྱི་སྐར་རྩིས་ཀྱི་མདོར་བསྡུས་ལ་བཤད་པ་ཞིབ་པར་གནང་། དགེ་བའི་བཤེས་གཉེན་རྣམ་རྒྱལ་མཆོག་པ་བདག་གི་བླ་མའི་