[B:6b] མ་ཁྱེར་ཤོག་གསུངས་པས་ལེགས་པར་སྤྲད། སློབ་དཔོན་བསམ་བཟང་པ་དེ་སློབ་དཔོན་བསམ་ཡས་པའི་གྲ་པ་ཡིན་པ་ལ་དུས་ཕྱིས་སློབ་དཔོན་སྟོན་ཤཱཀ་པའི་གྲ་ཚང་དུ་འཕོས་ནས་ས་སོར་སོང་པ་ལ་གྲ་པ་རྙིང་པ་ཁ་ཅིག་གིས་ཕྱོགས་གཅིག་ཏུ་སྡེབ་པར་ཞུས་ནས་སློབ་དཔོན་པ་དང་། བླ་མ་རྐྱང་ཆེན་པ་གྲ་པ་བསྲེ་བར་བྱས་ཏེ། ངེད་གསུམ་རྐྱང་ཆེན་པ་ལ་སྤྲད་པ་ཡིན། དེ་ཕྱིས་ང་ལ་དུས་འཁོར་ཡོང་བ་དེའི་རྟེན་འབྲེལ་དུ་སོང་འདུག གྲ་ཚང་ནི་འདྲེར་མ་ཉན་གསུང་། ཆོས་སྡིངས་དགོན་པ་ན་བླ་མ་སང་རིན་པ་ཞེས་བྱ་བ་སྤོ་བོ་ཡོན་ཏན་སེང་གེ་དང་[A:14]སློབ་དཔོན་སྟོན་ཤཱཀ་པའི་གྲ་པ་སྒྲེས་པོ་ཕྱག་ཆེན་དང་གཅོད་ཡུལ་དང་སྦྱོར་དྲུག་དང་རྫོགས་ཆེན་ལ་སོགས་པའི་ཁྲིད་མང་དུ་སྐུ་ཉམས་སུ་བཞེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཅིག་བཞུགས་པ་དེ་ལ་བླ་མའི་རྣལ་འབྱོར་ཅིག་གསན་པས་ཁོང་གི་གསུང་ནས། སློབ་དཔོན་གཞོན་ནུ་དཔལ། མྱ་ངན་ལས་འདས་པའི་མཐའ་ལ་མི་གནས། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ་ཞེས་བྱ་བ་དེ་ཅི་ལ་ཟེར་བ་གསུང་སྟེ། དེ་དུས་ང་ལ་དེའི་ལན་ཞུ་ཐུབ་པ་ཙམ་མེད་གསུང་། ཆུ་མིག་དགོན་གསར་ན་ཇོ་སྟོན་མཁན་ཆེན་བྱང་ཆུབ་རྒྱལ་དབང་བ་བཞུགས་པའི་སྐུ་མདུན་དུ་སློབ་དཔོན་བསམ་བཟང་པའི་ཕྱགས་ཕྱིར་ཕེབས་ནས་ཕག་མོ་དམར་མོའི་རྗེས་གནང་གསན། སློབ་དཔོན་པས་ཁྲིད་ཞུ་བའི་སྙན་བཞུགས་ཕུལ་བས་ཞལ་གྱིས་བཞེས། དེ་ནས་ཞག་ཁ་ཡར་ཅིག་སོང་བ་དང་ཇོ་སྟོན་ཅིག་བཏང་བྱུང་ནས་ཁྲིད་ལ་འབྱོན་ན་ད་ལྟ་རང་བྱོན། དེ་ནས་ངེད་ལ་ལོང་མི་ཡོང་པར་འདུག་གསུང་བ་བྱུང་ཡང་སློབ་དཔོན་པས་མ་བྱོན་པས་ཟླ་བ་གཅིག་ན་མཁན་ཆེན་པ་གཤེགས་གསུང་། རེས་འགའ་སྤྱན་གཡས་སུ་བཞུགས་ནས་སྤྱོད་འཇུག་ཀྱང་གསན། དགུང་ལོ་བཅོ་བརྒྱད་བཞེས་པ་
1409ལོ
གླང་ལོའི་སྟོན་ཇོ་སྟན་སྟོན་ཤཱཀ་པ་དཔོན་སློབ་བཅུ་གཉིས་ཙམ་མཛད་ནས་སྙེ་མོར་ཆོས་བར་ལ་ཕེབས་པའི་ཕྱགས་ཕྱིར་རུ་མཚམས་སུ་ཕེབས། དེའི་དགུན་དེ་སློབ་དཔོན་བསམ་བཟང་པས་