[B:70a] ཐོག་དུ་བསྒྱུར་འགོད་སྣོན་འབྲིད་མང་པོ་མི་དགོས་པ་ལ་ཞལ་ནས། ངས་བརྩོམ་སྟན་གྱི་སྣོན་འབྲིད་བསམ་མནོ་ཁོ་ནས་བྱེད་པ་ཡིན་པས། མང་དུ་བཅོས་མི་དགོས་པ་ཡིན་ཞེས་གསུང་ངོ་། རྟ་ལོའི་དཔྱིད་ཆོས་རྗེ་སྤྱན་སྔ་[A:165]ཚེས་གཉིས་རིན་པོ་ཆེའི་དྲུང་དུ། རྫོགས་ཆེན་རྡོ་རྗེ་ཟམ་པའི་སྐོར་རྣམས་དང་དེའི་སོས་ཀ་ཡེ་ཤེས་གྲུབ་པའི་བཤད་པ། རྒྱུད་གསུམ་གསང་བའི་བཤད་པ་ལ་སོགས་པ། དབྱར་ཆོས་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔར་དཔལ་དུས་ཀྱི་འཁོར་ལོའི་མཆོག་དབང་། ཆོས་རྗེ་རྒྱལ་སྲས་པའི་ཆོ་གའི་སྟེང་ནས་དབུ་མ་ལུགས་དང་སེམས་ཙམ་ལུགས་གཉིས་ཀའི་སེམས་བསྐྱེད་ཀྱང་མང་པོ་ལ་གནང་། སྨོན་ལྡང་གི་ཆབ་ཅུང་ཟད་མ་འཕྲོད་པ་ལ་བརྟེན་ནས། རྟ་ལོ་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ལ་ལྗང་འཕྲང་ཆོས་རྫོང་དུ་ཕེབས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྒོམ་རིམ་དང་། སྒྱུ་འཕྲུལ་གྱི་བཤད་རྒྱུད་ཐལ་བའི་རྒྱུད་ཀྱི་སྟོད་ནས་ལེའུ་འགའི་ཊི་ཀ་མཛད། ཟླ་བ་དགུ་པའི་ནང་དུ་སྐུ་ཁམས་ཤིན་དུ་སྙུང་དུས། མཚན་མ་ངན་པ་མནལ་ལམ་དུ་བཟློག་ཚུལ་སྔར་སྨོས་སོ། དེ་རྗེས་དགེ་བའི་བཤེས་གཉེན་ཁ་ཅིག་ལ་དཔལ་བརྟག་པ་གཉིས་པའི་རྒྱུད་ཀྱི་བཤད་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྒོམརིམ། རྡོ་རྗེ་སྙིང་འགྲེལ་གྱི་བཤད་པ། སྤོ་ཏོ་བའི་དཔེ་ཆོས་ཀྱི་ལུང་ལ་སོགས་པ་གནང་། ལུག་ལོའི་སོས་རྨངས་དོ་ཧའི་རྣམ་བཤད། ཡོན་ཏན་མཐའ་ཡས་པར་བསྟོད་པའི་བསྡུས་དོན། འཇིག་རྟེན་ལས་འདས་པར་བསྟོད་པའི་ཊི་ཀ་ལ་སོགས་པ་མཛད། དེའི་དབྱར་སྤྱན་སྔ་ཚེས་གཉིས་རིན་པོ་ཆེའི་དྲུང་དུ་རྟ་མགྲིན་ལྷ་བཞིའི་དབང་ཕུལ་དུས་ཚེ་བུམ་ལ་བྱིན་བརླབས་ཀྱང་མཚན་མ་ཆེན་པོའང་བྱུང་། སྐུ་མཚམས་ཅུང་ཟད་ཅིག་གསེངས་ནས་སྒམ་པོ་རིན་པོ་ཆེ་དཔོན་སློབ་རྣམས་དང་མཇལ། དེའི་སྟོན་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ཀྱི་དབུ་ཚུགས། དགུན་ལྟེའུ་ར་གདན་ས་བ་ཆག་ལོ་རིན་ཆེན་ཆོས་ཀྱི་རྒྱལ་པོ་བ་ཕེབས་ནས། རིན་ཆེན་ཤིང་རྟའི་བཤད་པ། རྒྱན་བདུན་གྱི་བཤད་པ་དང་། སྒྲོན་གསལ་ལེའུ་བཅུ་པ་ཡན་གྱི་ཊི་ཀའི་ལུང་མ་བཤད་ལ་སོགས་པ་དང་། སྐད་དོད་དང་