R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 70b
[B:70b] འབེལ་[A:166]གཏམ་ཤིན་དུ་མང་བར་གནང་། ཁོང་གིས་ས་རིས་ཀྱི་ཞབས་ཏོག་ཕུལ་ནས་རྩིས་ལ་འཁྲུལ་སེལ་གྱི་རྩིས་འཕྲོ་ལེགས་པར་བཀོད། ལུག་ལོ་ཟླ་བ་བཅུ་གཉིས་པའི་བཤམ་དུ་ཕོ་བྲང་ཚོང་འདུས་སུ་ཕེབས་ནས་ཆོས་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔ་ནས་དང་། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་པ་རྣམ་གཉིས་ལ། སྙན་རྒྱུད་རྡོ་རྗེ་ཟམ་པའི་དབང་ཡོངས་སུ་རྫོགས་པ། ཁྲིད་གཞུང་བཤད་ལ་སོགས་པའི་ཆོས་སྐོར་ཐམས་ཅད་གནང་ནས་གཞན་ལ་སྟོན་པར་བཀའ་གནང་། དེའི་ཉིན་སྐུ་ཁམས་ཤིན་དུ་དྭངས་ནས་ཆོས་རྣམས་ཀྱང་བབས་པ་ཅིག་བྱུང་བས། དེ་རིང་ཁམས་དྭངས་ཆོས་ལེགས་པར་བྱུང་། དེ་ཁྱེད་རང་རྣམ་གཉིས་ཀྱི་བྱིན་བརླབས་སུ་འདུག་གསུང་། བསྙེན་པར་རྫོགས་པ་ཆ་མང་པོའི་མཁན་པོར་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས་ནས་གནང་། བདག་གིས་མཇལ་ནས་ཐོག་མར་ཤ་ཝ་རའི་སྦྱོར་དྲུག་གི་གཞུང་གཙོ་བོར་བཟུང་ནས་ལམ་ཡན་ལག་དྲུག་པོ་མངོན་སུམ་འབའ་ཞིག་གིས་འདེད་པའི་ཁྲིད་ལུགས་ཤིན་དུ་རྒྱས་པ་དང་། རྒྱུད་གསུམ་གསང་བའི་བཤད་པ་དང་། བཀའ་འབུམ་ལས་ཆོས་ཚན་ཤིན་དུ་མང་བའི་ལུང་། གཞན་ཡང་དོན་གཉེར་རྣམས་ལ་ཆོས་ཀྱི་འབྲེལ་པ་མང་དུ་གནང་། ཀུན་བཟང་རྩེ་པ་ཁུ་དབོན་པའི་བསྙེན་རྫོགས་ཀྱི་མཁན་པོ་མཛད། སླར་ཆོས་རྫོང་དུ་ཕེབས་ནས་སྐུ་མཚམས་ཤིན་དུ་དམ་པར་བསྡམས། བདག་གིས་གསོལ་བ་བཏབ་པའི་ངོར། སྦྱོར་དྲུག་གི་ཁྲིད་ཡིག་བ་རྩོམ་པ་མཛད། མེ་ཕོ་སྤྲེའུ་ལོའི་སྟོན། བདག་གིས་ཇོ་བོ་རིན་པོ་ཆེ་མཇལ་ཞིང་མཚུར་ཕུ་གནས་ནང་འཁོར་ཏེ། མངོན་པར་དགའ་བའི་ཆོས་རྫོང་གི་རྒྱལ་ཆེན་བྲག་མགོར་བསྡད་ཅིང་། དཔོན་སློབ་ཉུང་འདུས་སྐུ་མཚམས་བསྡམས་ནས། ལོ་དེའི་ཧོར་ཟླ་དགུ་པའི་ཚེས་ཉེར་བཞིའི་སྔ་དྲོ་ནས་བཟུང་སྟེ། བྱ་ལོ་ཟླ་བ་གསུམ་པའི་བར་དུ། ཉིན་རེ་ལྟར་སྔ་ཐུན་ཕྱི་ཐུན་གཉིས་ཀྱི་རིང་ལ། [A:167]དཔལ་དུས་ཀྱི་འཁོར་ལོའི་བཤད་པ་ཡོངས་རྫོགས་གྲུབ་པའི་རྗེས་སུ། བུ་རིན་པོ་ཆེ་དང་འཇམ་དབྱངས་ཆོས་མགོན་པའི་རྒྱུད་འགྲེལ་གྱི་མཆན། ཆོས་རྗེ་བླ་མའི་དུས་འཁོར་ཊིཀ་ཆེན། རྒྱུད་ཕྱི་མ་རྣམས་ཀྱི་ལུང་། རྡོ་རྗེ་སྙིང་འགྲེལ་གྱི་བཤད་པ། ལྟ་འདོད་མདོར་བསྟན་དོན་དམ་བསྙེན་པ་དང་། དབང་མདོར་བསྟན་གྱི་