[B:7b] རྣམ་འགྲེལ་གསུངས་པ་རྣམས་ཀྱང་གསན། ཆེན་པོ་ཚུལ་བློ་བ་ཚད་མ་གསུང་བའི་ཆོས་གྲར་ཕེབས་ཏེ་ཚང་མ་ནི་མ་སོང་། རྐྱང་ཆེན་པས་དབྱར་དགུན་གྱི་ཕར་ཚད་གསུང་བ་རྣམས་ཀྱང་ལེགས་པར་གསན། ལན་ཅིག་སྤྱན་གཡས་ནས། སྟོན་པ་དགེ་ལེགས་ཕྱག་ཕྱིར་ཁྲིད་ནས་བྲོས་ཐབས་སུ་ཡོལ་རིན་ཆེན་གླིང་དུ། མཁན་ཆེན་སངས་བློ་བའི་སར་ཕེབས་བླ་མའི་རྣལ་འབྱོར་ཞུས། སྦྱོར་དྲུག་གསན་པར་བ་རྩོམ་པའི་ཚེ། སྟོན་པ་དབང་འོད་དང་བརྟན་པ་འབུམ་གཉིས་རྗེས་བསྙག་ཏུ་སླེབས་ནས། ཕྱིར་ལྡོག་དགོས་པ་བྱུང་བས། སླར་སྤྱན་གཡས་སུ་བཞུགས་ཏེ། མཁན་ཆེན་སངས་རྒྱས་བརྟན་པའི་དྲུང་དུ་དམིགས་པ་སྐོར་གསུམ། བློ་སྦྱོང་དོན་བདུན་མ། རྨ་བྱ་དུག་འཇོམས། མཚོན་ཆ་འཁོར་ལོ། ལྷན་ཐབས་བཞི་པ། བྱམས་པའི་རྣལ་འབྱོར་པའི་གླུ། རྟོག་པ་འབུར་འཇོམས་ཐུན་བརྒྱད་མ། སེམས་པའི་རིམ་པ། རྟེན་འབྲེལ་སྙིང་པོའི་ཁྲིད་རྒྱལ་སྲས་པས་མཛད་པ། ཀུ་སུ་ལུའི་ཚོགས་སོག སྒྲོལ་དཀར་གྱི་ཚེ་སྒྲུབ། སྐྱིད་སྡུག་ལམ་ཁྱེར། བླ་མའི་རྣལ་འབྱོར་ལ་སོགས་པ་གསན། མཁན་ཆེན་པ་འདི་དང་། སློབ་དཔོན་ཤེས་རབ་དར་པ་དང་། མཁན་ཆེན་སངས་འབུམ་པ་རྣམས་ཀྱིས་ལེགས་པར་ཐུགས་རྗེས་བཟུང་ནའང་ཕྱིས་དེ་རྣམས་ལ་ཞབས་ཏོག་ཆེབར་མ་གྲུབ། དེ་རྣམས་ཀྱིས་ཐུགས་རྗེས་བཟུང་བ་ཡིན་ཞེས་ཡང་དང་ཡང་དུ་[A:19]གསུང་། མཁན་ཆེན་དབང་དཔལ་བ་དང་། དེའི་དབོན་མཁན་ཆེན་བྱང་དཔལ་བ། མཁན་ཆེན་གཞོན་ནུ་སེང་གེ་བ་རྣམས་ལའང་ཆོས་འབྲེལ་ཙམ་རེ་གསན། ཁྱད་པར་མཁན་ཆེན་སངས་རྒྱས་འབུམ་དཔལ་བ་ལ་དོནཡོད་ཞགས་པ་སང་རིན་པ་ནས་རྒྱུད་པའི་ཐུགས་རྗེ་ཆེན་པོའི་སྨྱུང་གནས་ཀྱི་སྐོར་གསན་ནས་སྤྱན་གཡས་སུ་དཀར་ཕྱོགས་གཅིག་ཀྱང་བཏང་། དེའི་ཚེ་ལྗགས་ཀྱི་དཀྱིལ་ན་སྲན་ཆེ་བ་གཅིག་ཡོད་པ་དེའི་བྱིན་བརླབས་ཀྱིས་རྡོ་ལ། ཇོ་བོའི་ལམ་ཡིག་དང་། བེའུ་བུམ་སྔོན་པོའི་འགྲེལ་པ་ལྷ་འབྲི་སྒང་པས་མཛད་པའི་ལུང་ཡང་གསན། རེ་ཤིག་ཡར་འབྲོག་སྒ་འདྲར་ཆབ་ཚན་ལ་ཕེབས་པས། ཆོས་རྗེ་ཤེས་རབ་དཔལ་བ་ཞེས་བྱ་བའི་གྲུབ་པའི་དབང་ཕྱུག་དེ་དང་མཇལ། ཁོང་