R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 11b
[B:11b] དེའི་རབ་གནས་ལ་མལ་གྲོ་ནས་རྒྱལ་སྟེངས་སྤྱན་སྔ་རིན་ཆེན་འཕེལ་བ་སྤྱན་འདྲེན་པར་ཕྱགས་ཕྱིར་སློབ་དཔོན་ཆོས་དབང་དང་ཉེ་གནས་གཞན་ཅིག་དང་གསུམ་གྱིས་ཕེབས། འོན་གྱི་ཁབ་རོད་ཀྱི་ལམ་རྒལ་འཚམས་ཀྱི་རི་སྟོད་ན། མི་སྐྱ་ཞྭ་དཀར་སྐྱ་རུག་གེ་བ་མང་དུ་ཚོགས་འདུག་པ་རྣམས་གཏམ་དྲི་ཞིང་འདུག དེ་ནས་དཀྱུས་ཐང་དུ་ཕེབས་པའི་ཚེ་མི་ལྔ་དྲུག་ཅིག་འདུག་པ་རྣམས་ན་རེ། གར་འབྱོན་ཅི་བྱེད་ཟེར། ངེད་རྒྱལ་སྟེངས་སུ་འགྲོ་གསུངས་པས་འོ་ན་ཕ་ཇོ་ཕ་གིའི་ཟླ་ལ་བྱོན། ཁོང་རྒྱལ་སྟེངས་པའི་སྐུ་ཉེ་ཡིན་ཟེར་བས་ཕ་ཇོ་རྟ་མགྲིན་ཞེས་བྱ་བའི་ཕྱིར་བྱོན་ནས་དེ་ནུབ་ཁོང་གི་སར་བཞུགས་པས་ཆར་ཆེ་ཞིང་ཁང་པ་ངན་པས་འོ་རྒྱལ་བར་བྱུང་། སང་ནམ་མ་ལངས་པ་ནས་ཕེབས་པས་ཁོང་ན་རེ། ཁྱེད་རྣམས་ལམ་འདི་ཁ་གནོན་བྱོན་ལ་ཟམ་པ་ཅིག་ཡོད་[A:28]པ་བརྒལ་བ་ན་ཁང་པ་འདི་འདྲ་ཞིག་ཡོད། དེ་ན་སློབ་དཔོན་ནམ་མཁའ་བྱ་བ་ཡོད་པས་སྐྱོལ་གྱིས་ཟེར་བ་བཞིན་ཕེབས་ནས་སློབ་དཔོན་ནམ་མཁས་སྐྱལ་ནས་རྒྱལ་སྟེངས་སུ་ཕེབས། སྤྱན་སྔ་ལོག་མའི་ཁྲོད་དུ་བཞུད་འདུག་པས་དེར་བྱོན། ཞུ་བ་ཕུལ་བས་ཕེབས་པར་ཞལ་གྱིས་བཞེས་ནས་སྤྱན་དྲངས་ཏེ་སྤྱན་གཡས་སུ་ཕེབས། དེའི་ཚེ་སྤྱན་སྔའི་དྲུང་དུ། སྤྱོད་འཇུག བླ་མ་ལྔ་བཅུ་པ། སྡོམ་པ་ཉི་ཤུ་པ། འཆིམས་ཀྱིས་མཛད་པའི་གནས་བརྟན་གྱི་གསོལ་འདེབས་ཆེན་མོ། འདའ་ཁ་མའི་གདམས་པ། རྣམ་འཇོམས། སྨན་བླ། བྱམས་སྨོན། སྐྱིད་སྡུག་ལམ་ཁྱེར། སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་དང་། ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས། དམིགས་པ་སྐོར་གསུམ། གནས་གྱུར་རྣམ་པ་ལྔ། རྟེན་འབྲེལ་བཅུ་གཉིས། འཁོར་འདས་རྟེན་འབྲེལ་མ། སྐར་མ་རབ་རིབ། ལམ་རིམ་ཟབ་རྒྱ་མ། དགོངས་ལྡེམ་དགོངས་བརྒྱད། རྣལ་འབྱོར་རྣམ་ལྔ། སྒྲོལ་མའི་བསྟོད་པ་རྣམ་དག་གཙུག་གི་ནོར་བུ། སྟོབས་བཞིའི་སྡིག་བཤགས་ཀྱི་མན་ངག ཆོས་སྤྱོད་བཅུའི་མན་ངག ཀམ་ཀ་ནི་དང་། དུ་རྒའི་གཟུངས། ལྟུང་བཤགས། མཚན་བརྗོད། གཙུག་ཏོར་འབར་བ། ལམ་རིམ་གཉེན་པོ་མ། བསླབ་གསུམ་མ།