R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 14b
[B:14b] དབང་བློ་ལ་གཏུགས་ཨུ་རྒྱན་བསྙེན་སྒྲུབ་ཀྱི་བཀའ་བབས། དེ་ནས་བྱང་ཆེན་དུ་བཞུགས་ནས་རྟག་པར་སྐུ་མཚམས་མཛད། བདག་གིས་མཇལ་དུས་མཚམས་མཛད་ནས་གཟིམས་མལ་ཅིག་ཏུ་ལོ་བཞི་བཅུ་ཙམ་སོང་འདུག དེའི་རྗེས་སུའང་ཡུན་རིང་དུ་བཞུགས་ཡོད་པར་འདུག དང་པོར་ཁྲིད་ཀྱིས་གཞན་རྗེས་སུ་བཟུང་། ཁྱད་པར་ཆོས་རྗེ་རྒྱལ་སྲས་པའི་སློབ་མ་སྤོར་ཐོག་པ་གཞོན་ནུ་རིན་ཆེན་ལ་ཁྲིད་གནང་བས། ནུབ་ཅིག་ཁོང་གི་རྨི་ལམ་དུ་གཙང་པོ་བཅད་ནས་ཕྱིན་པས་ཆུས་ཁྱེར་བས་བཙུན་པ་གོས་ཕུ་ཐུང་ཅན་གྱོན་པ། ལག་ན་བེར་ཀ་བཟུང་བ་ཅིག་གིས་བཟུང་ནས་སྐམ་སར་བཏོན། དབྱུག་པས་བརྡུངས། ཁྱོད་རི་མགོར་སེམས་མི་འཇུར་བར་འདིར་ཅི་ལ་འཁྱམ་ཟེར་ནས་འབར་དུ་བྱུང་པ་ཅིག་རྨིས། སང་དེ་དམིགས་པ་ཞུར་བྱོན་པས། ཉིད་དགེ་སྦྱོར་མི་བྱེད་པར་[A:35]འཁྱམས་པས་ཆུས་ཁྱེར་བ་ཨེ་ཡིན་གསུང་བས་སྤོར་ཐོག་པ་དད་པ་ལྷག་པར་སྐྱེས་ནས་བུག་སྒོ་ལ་རས་གཡོགས་ཡོད་པ་ཐུགས་ཤེད་ཀྱིས་བསམས་ནས་བལྟས་པས་གོས་ཕུ་ཐུང་ཅན་ཅིག་བཞེས། བེར་ཀ་ཅིག་སྐུ་གཞོགས་དེ་ན་བསླང་ནས་བཞག་བཞུགས་འདུག་ཟེར། དེ་ལ་སོགས་པ་མང་པོ་ལ་གདམས་པ་གནང་འདུག་ནའང། དབུ་མཛད་ཅིག་གིས་ཁྲིད་ཞུ་འཕྲོར་སྣར་ཐང་དུ་འཁྱམས་པས་དེ་ནས་ཁྲིད་གསུང་ལ་བཅད་པར་འདུག་པས་ཞུ་མ་སྤོབས་གསུང་། མངོན་པར་ཤེས་པའང་ཐོགས་མེད་དུ་མངའ་བས་འཕྲལ་དུ་མང་པོ་གསུང་བར་འདུག ལན་ཅིག་དགེ་བཤེས་ནམ་མཁའ་བཟང་པོ་བྱ་བ་དང་ལྷན་དུ་བཞུགས་པའི་སྐབས་ཅིག་དེ་རིང་སྐུ་མདུན་ན་ཕར་བྱིན་བརླབས་ཞུར་འགྲོ་གསུང་བས་ཁོ་ན་རེ་ང་ཡང་འགྲོ་རྩམ་པ་འདི་ཕུལ་ལ་ཐོང་། ང་རང་ནི་སྣར་ཐང་དུ་འགྲོ་ཟེར། སྐུ་མདུན་དུ་ཕྱིན་ནས་རྩམ་པ་འདི་ཁོ་པ་ལ་བྱིན་ཐོང་ང་རང་ནི་སྣར་ཐང་ལ་འགྲོ་བསམ་པ་བྱུང་བ་ཡིན་ནམ་གསུང་དུ་བྱུང་། ཡང་ཆེན་པོ་ཤེར་འོད་པས་སྐུ་མདུན་དུ་བྱོན་པས་མགྱོགས་པར་རྒྱུགས་མཛོད། ཆང་ཕོར་པ་གང་ཐོབ་པར་འདུག་གསུང་བས་མགྱོགས་པར་ཁོང་རང་གི་ནང་དུ་བྱོན་པས་ཆང་རྫ་མ་ཅིག་ཡོད་པ་ཐེམ་ཁ་ཤོར་ནས་ཕོར་བ་གང་ལོན་གསུང་། ཆོས་རྗེ་སྟོན་