R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 14a
[B:14a] ལམ་མཆོག མཆིམས་ཀྱི་གནས་བརྟན་ཆེན་མོ། བསླབ་བཏུས། སྐྱེ་རབས་ཆེད་དུ་བརྗོད་པའི་ཚོམས། བྱང་ས། མདོ་སྡེ་རྒྱན་འགྲེལ་པ་དང་བཅས་པ་རྣམས་གསན། ཐུགས་ལ་ལེགས་པར་བཏགས། སྒྲུབ་སྲངས་ཤེས་བྱ་བའི་གདམས་པ་ཁྱད་པར་ཅན་ཅིག་བཞུགས་ཟེར་བས་གནང་བའི་ཞུ་བ་ཕུལ་བས་འདིར་མི་འོང་གསུང་ནས་མ་གནང་། ཕྱིས་སུ་སོང་དུས་གྲུབ་ཆེན་མན་ལུང་པའི་གདམས་པར་འདུག་གསུང་། བསྟན་འགྱུར་བཞུགས་པའི་འཇམ་ལྷ་ཁང་དུ་གཞི་ཕབ་ནས། བསྟན་འགྱུར་པོ་ཏི་གཉིས་གསུམ་རེ་གཡར་ནས་གཟིགས། ཚར་བ་དང་དེ་བཏད་ནས་ཡང་གཡར་ཏེ། གཟིགས་རྟོག་མང་དུ་མཛད་པས། བསྟན་འགྱུར་གྱི་གཟིགས་རྒྱ་ཐམས་ཅད་དེ་ནས་བྱུང་བ་ཡིན། དེ་ནས་སློབ་དཔོན་སྒྲ་པ་ལ་ཆོས་རྗེ་རོང་ཆེན་པའི་སྤྱན་འདྲེན་བྱུང་ནས་ལ་སྟོད་དུ་ཕེབས་པའི་སྐྱེལ་ཐུང་ལ་ཤབ་ཆུ་ཁ་བར་ཕེབས། དེའི་ཞར་ལ་ཁྲོ་ཕུར་བྱོན་ནས་བྱམས་པ་མཇལ། དེ་རྗེས་སྟོན་མ་དབྱར་དུ་སོང་དུས་དབོན་པོ་ཤེས་འབྱུང་བྱ་བ་ལ་དུས་འཁོར་རྒྱུད་འགྲེལ་གཡར་ནས་བྱང་ཆེན་དུ་བཞུགས་ཏེ་གཙོ་བོར་དུས་ཀྱི་འཁོར་ལོ་ལ་ཐུགས་སྦྱངས་པས་དེ་[A:34]ནས་ལེགས་པར་དགོངས་ཏེ་ཐུགས་སུ་བྱོན། དུས་འཁོར་དེ་ནས་ཤེས་པར་བྱས་པ་ཡིན་གསུང་། དེར་བཞུགས་རིང་ལ་སྤྱིར་བྱང་ཆེན་དེ་ན་སྐྱེས་བུ་དམ་པ་མང་དུ་བཞུགས། ཁྱད་པར་ཆོས་རྗེ་རྣམ་གསུམ་ཞེས་བྱ་བ། ཆོས་རྗེ་སྟོན་དགེ་བ། ཨ་མོ་བ། གྲུབ་ཆེན་བསོད་བློ་བ་རྣམས་བཞུགས་པའི་ཆོས་རྗེ་བསོད་བློ་བའི་དྲུང་དུ་མཇལ། མདོ་སྡེ་རྒྱན་འགྲེལ་པ་དང་བཅས་པ་དང་། དབུས་མཐའ་འགྲེལ་པ་དང་བཅས་པ། ཆོས་ཉིད་རྣམ་འབྱེད་འགྲེལ་པ་དང་བཅས་པ་རྣམས་གསན། ཁོང་གི་གཟིམས་ཁང་ན་རྐེད་བྲིས་ལ་ལན་ཚ་འདུག་པ་རྣམས་ལ་འདི་རྣམས་ཅི་ཟེར་བ་ཡིན་གསུང་བས། ཐམས་ཅད་བཀླགས་ནས་སྒྲའི་བཤད་པ་དང་འགྱུར་མཛད་པས་ལེགས་པར་ཐུགས་དགྱེས་ནས་ཟང་ཟང་མང་པོ་མཛད་ཅིང་བསྟོད་ར་མང་དུ་གནང་གསུང་། ཁོང་ལ་ཁྲིད་གསན་ནམ་ཞུས་པས་ཁོང་དང་པོ་མཚན་ཉིད་ཀྱི་ཆོས་སྐད་ཆགས་བདེ་བ་ཅིག་ལ་སྐྱུར་ནས་བསྒོམ་ལ་ཞུགས། ཁྱད་པར་མཁས་གྲུབ་ལྷ་