[B:16a] དེར་བཞུགས་རིང་ལ་མནལ་ལམ་དུ་ཇོ་མོ་ནང་གསལ་བར་གཟིགས། ཕྱིས་ཕེབས་པས་འཐུན་པར་འདུག ལན་ཅིག་རྟ་ནག་རི་ཁུད་དུ་ཕེབས་པས་དེའི་འོབས་ལ་སྟོན་པ་བསྟན་པ་འབུམ་པ་གཉིས་ལ་ཁྱེད་གཉིས་ཧོར་འདྲ་བྱེད་པ་ལ་འདི་ཁ་ཙམ་ལ་མཆོངས་དགོས་པས་མཆོངས་ཤིག་གསུངས་པས་མི་ནུས་པར་འདུགངས་ཕྱི་གོས་གྱོན་ནས་མཆོངས་པས་མཆོངས་ཐུབ་གསུང་། དེ་ནས་ཨུ་རྒྱན་རྫོང་ན་ཆོས་རྗེ་རྒྱལ་སྲས་པའི་དངོས་སློབ་ཆོས་རྗེ་ནམ་མཁའ་གྲགས་པ་ཞེས་བྱ་བའི་སྐྱེས་བུ་དམ་པ་ཅིག་བཞུགས་པ་མཇལ་དུ་ཕེབས། དུས་རྟག་པར་སྐུ་མཚམས་སུ་བཞུགས་ནས་མཇལ་ཁ་བུག་སྒོ་ལ་འོང་བ་ཅིག་འདུག ནང་དུ་གསུང་ནས་ཐོག་རྒྱུད་དེ་ནང་དུ་ཕེབས། ཆོས་རྗེ་རྒྱལ་སྲས་པའི་བཀའ་འབུམ་ཐོར་བུ་བ་དཔལ་ཡེའི་ཟིན་བྲིས་དང་བཅས་པ་གསན། ཞག་གསུམ་གྱི་བར་དུ་བཞུགས། མཚན་མོ་འདུ་ཁང་ཅིག་འདུག་དེར་བཞུགས། དེ་ན་རྒས་པོ་ཅིག་ཀྱང་བཞུགས་འདུག་པས་གསུང་གླེངས་མང་དུ་བྱུང་བའི་མཚན་མོ་ཞིག་ཁོང་ངུ་ཞིང་འདུགཁྱེད་བཤུམ་གྱི་ཡོད་པ་མིན་ལ་ཆེ་གསུངས་པས་ཁོང་ན་རེ་བདག་ལ་དང་པོ་ཨ་ཁུ་ཅིག་ཡོད་པ་དེ་ན་རེ་ངས་བརྒྱགས་སྐྱལ་གྱི་ཁྱོད་རང་སློབ་གཉེར་གྱིས་ཟེར་ཁོང་གི་དྲིན་འཁུར་བབས་ང་རངགིས་བརྒྱགས་བཙལ་བ་དགའ་བསམ་ནས་མ་ཉན། ང་བོང་རྒན་འདྲ་བ་ཅིག་བྱུང་། ཉིད་སྐུ་ན་གཞོན་པ་ནས་འདི་འདྲའི་སྐུ་ཡོན་ཏནཡོང་བ་ཟེར། གར་ཕྱིན་དུ་ཐམས་ཅད་ཀྱིས་ཡོན་ཏན་ཡོད་པར་མཐོང་ཡོང་བ་ཅིག་བྱུང་གསུང་། ཆོས་རྗེ་ནམ་གྲགས་པས་ཁྱེད་ལ་འཁོ་སྟེ་འོང་གསུང་ནས་ལ་སྟོད་དབང་[A:39]རྒྱལ་གྱི་རྟགས་ཡིག་ཅིག་གནང་། དེའི་སྟོན་གྱི་བར་དུ་སྒྲོལ་མར་བཞུགས་ནས་དེ་ནས་བྱང་ཆེན་དུ་ཕེབས། དེ་མ་ཐག་ཏུ་ཇོ་མོ་ནང་སྐོར་དུ་ཕེབས། ཕྱིར་ལམ་བྲག་རམ་དུ་བཞུགས། དེ་ནས་བོ་དོང་དུ་ཞག་གསུམ་བཞུགས་ཤིང་། བྱ་རྒོད་གཤོངས་ཀྱི་ཐུགས་རྗེ་ཆེན་པོ་མཇལ་དུ་བྱོན་པས་ལྷ་སའི་བཅུ་གཅིག་ཞལ་དེ་འདྲ་བར་མཐོང་བྱུང་གསུང་། སྤྱི་བོ་ལྷས་པའི་མཁན་པོ་དེའི་སྤྱིལ་པོ་ཅིག་འདུག་པ་དེར་བཞུགས། ཁོང་ལ་དཔེ་ཆའི་སྦྲགས་ཆེན་པོ་འདུག་པས་ཕོར་པ་ཅིག་ཕུལ་ནས་དཔེ་ཆ་ཅིག་སླངས་པས་གཅིག་ཁྱེར་ཟེར།