R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 16b
[B:16b] འདམས་ཆོག་གམ་གསུངས་པས་འོ་ན་ཕོར་པ་རང་ཁྱེར་ཟེར་བས། ལས་འབྲེལ་གང་ཡོད་ཅིག་ཤོག་དགོངས་ནས་པོ་ཏི་གཅིག་འཐེན་པས་ཞི་བྱེད་སྐམ་ལུགས་ཀྱི་སྐབས་དང་གི་གདམས་པ་ཅིག་བྱུང་གསུང་། དེ་ནས་སྣར་ཐང་དུ་བཞུད་པའི་ལམ་སྟག་ལའི་རྒྱབ་ན་ཚུར་ཕེབས་བའི་ཚེ། ཆོས་རྗེ་རོང་སྟོན་སྨྲ་བའི་སེང་གེ་ཆེན་པོ་དཔོན་སློབ་རྣམས་ཀྱང་ལ་སྟོད་ལྷོ་བྱང་ནས། ཕྱིར་དབུས་ཕྱོགས་སུ་འབྱོན་པ་དང་ལྷན་དུ་འཛོམ་བྱུང་། ཆོས་རྗེ་ཁོང་རང་ཆིབས་པ་ཅིག་ལ་ཆིབས་པའི་འཕྲལ་དུ་ཕེབས། གང་ནས་ཡིན་གསུང་བའི་དྲི་རྟོག་མང་དུ་མཛད་ཅིང་འདུག་པ་ལོ་རྒྱུས་མང་དུ་ཞུས་པས་ཞལ་ཀྱལ་ཤིན་དུ་འཕེལ་བར་བྱུང་། ཁོང་རང་ཆིབས་པའི་སྲབ་མདའ་བཟུང་བ་དེས་ཁ་ལོ་མི་མཛད་པར་གཡས་གཡོན་དུ་ཀྱོག་དགོས་དུས། ཕྱག་གི་ཁུ་ཚུར་རྟའི་འགྲམ་པ་ལ་བརྡེག རྟ་ལྕགས་གིས་མི་བསྐུལ་བར་ཁུ་ཚུར་གྱིས་བསྐུལ་འདུག་པས་མཛད་ལུགས་ལ་ཉམས་དགའ་ཞིང་མོས་པར་ཡང་བྱུང་གསུང་། དེ་ནས་ཕག་ལོའི་དགུན་དུ་སོང་བའི་ཚེ་དོན་གཏན་ནས་མེད་པར་དབུས་སུ་ཕེབས་སྙིང་ཤིན་ཏུ་འདོད་པར་བྱུང་བས་ཕྱག་དཔེ་མང་དུ་ཡོད་པ་རྣམས་སྣར་ཐང་ལ་སོགས་སུ་བཞག་སྟེ། ཆོས་རྗེ་རོང་པོའི་ཕྱགས་ཕྱིར་བྱོན་པས་ཁོང་དཔོན་སློབ་རྣམས་རིན་དཔུངས་[A:40]པས་ཆོས་བར་བཏེག་ནས་རོང་དུ་ཀྱོག་པོ་དགོན་པར་བཞུགས། དེར་ཆོས་རྗེ་རོང་པོ་ལ་ཕྱག་དང་ཆོས་འབྲེལ་ཡང་མཛད། ཕྱགས་ཕྱིར་བཞུགས་ནས། ཕར་ཕྱིན་རྩ་ཤེས་དབུ་མའི་བསྡུས་པ་ཆོས་རྗེ་རང་གིས་མཛད་པ་སྤྱོད་འཇུག་རྣམས་གསན། དེ་ནས་གཡུང་པས་སྤྱན་དྲངས་ནས་དབེན་དམར་དུ་ཕེབས་བའི་ཕྱགས་ཕྱིར་ཡང་བྱོན། དབེན་དམར་གྱི་བླ་མ་ཅིག་གཤེགས་པའི་གདུང་ལོ་དུས་སུ་སྦྱངས་པའི་ཚེ་ཆོས་ལུང་མཁན་ཆེན་བསོད་རིན་པ་སྤྱན་དྲངས་འདུག ཆོས་རྗེ་རོང་པོ་བ་དཔོན་སློབ་ཀྱང་སྤྱན་དྲངས་པའི་གྲལ་དུ་མཁན་ཆེན་བསོད་རིན་པ་དེ་འབྲི་གུང་དཔལ་འཛིན་གྱི་གྲོགས་མཆེད་དུ་འདུག་པས། འཕྲོས་གཏམ་གྱི་ཞོར་ལ། རྙིང་མ་ལ་ཞལ་མང་དུ་གཏོང་ཞིང་འདུག ཁྱད་པར་གསང་སྙིང་ན། ཚེག་ནི་ཤེས་རབ་མིང་དུ་སྨྲ། ཟེར་བ་ཡོད། རྒྱ་གར་ཡི་གེ་ལ་ཚེག་མི་ཡོད། དེས་ཀྱང་རྒྱ་གར་མ་མིན་པར་གྲུབ་ཟེར་བས། གཞན་སུས་ཀྱང་ལན་མི་གསུང་པ་ལ། དེའི་