R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 15b
[B:15b] དབང་། ས་ལུགས་ཀྱི་ཕུར་པ་ལྷ་ཁྲའི་དབང་། རིག་པའི་རྩལ་དབང་བཅོ་བརྒྱད། ཕྱག་རྒྱ་ཟིལ་གནོན་གྱི་དབང་། སྣ་བོ་བའི་རྟ་མགྲིན་བདེ་གཤེགས་འདུས་པའི་རྗེས་གནང་། ཆོས་རྗེ་བླ་མའི་དམར་ཁྲིད་མུན་ཁང་མ། གྲུབ་ཆེན་[A:37]མེ་ལོང་པས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་སྙིང་ཐིག་གི་ཁྲིད་སྤྲོས་བཅས་ལ་སོགས་པའི་དབང་དང་བཅས། ཨ་རོ་སྙན་རྒྱུད་ཀྱི་སྐོར། གཡུང་སྟོན་པའི་ཊཱི་ཀའི་སྟེང་ནས་གསང་སྙིང་གི་བཤད་པ། སྤར་ཁབ། ལམ་རྣམ་བཀོད། དགོངས་འདུས། དེའི་འགྲེལ་པ་མུན་པའི་གོ་ཆ་ལ་སོགས་པ་རྙིང་མའི་སྐོར་གྱི་པོ་ཏི་མི་གཅིག་པ་ལྔ་བཅུར་ཉེ་བ་ཅིག་ལ་ཐུགས་སྦྱོང་ཆེན་པོ་མཛད་པས་མཁས་བར་དགོངས། དང་པོ་ལམ་རྣམ་བཀོད་ལ་ཐུགས་འགྲོ་བར་བྱུང་ནས་ལེགས་པར་གཟིགས་ཤིང་ཐུགས་ཀྱིས་དཔྱད་ཀྱང་དཀའ་བར་བྱུང་། ཆོས་རྗེས་གསུངས་དུས་དབུ་ནས་ཆོས་ཐུན་གསུམ་ཙམ་སོང་འཚམས་གཞུང་གི་གཤམ་རྣམས་ན་མར་ཁྲོལ་མར་དགོངས་བྱུང་སྟེ་དེ་བྱིན་བརླབས་སུ་འདུག དང་པོ་ངེད་རང་གིས་སེམས་ཀྱིས་དཔྱད་པ་རྣམས་ཕྱོགས་སུ་སོང་བ་དཀའ་བར་བྱུང་ལེགས་ལྡན་གྱི་རྗེས་གནང་ཅིག་ཞུ་བར་དགོངས་པའི་ཚེ་དྲུང་ཆོས་གྲགས་པའི་ཞལ་ནས་ངས་ཞུས་པས་དཀའ་བཀྱོན་ཆེན་པོ་ཅིག་བྱུང་ནས་གནང་མ་བཏུབ་གསུང་བས་ཞུ་བར་མ་སྤོབས། ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པ་ལ་ཆོས་ཚན་བརྒྱད་བཅུ་རྩ་བཞི་ཡོད་པ་གསན། ཕུར་པའི་དཀྱིལ་ཆོག་གི་ཐིག་རྩ་འདི་སུས་ཀྱང་འབྲུ་མ་ནོན་གསུང་བས་གཟིགས་པས་ཡུད་ཀྱི་དགོངས་ནས་འདི་བཞིན་འདེབས་པར་འདུག་ཞུས་པས་ཤིན་དུ་མཉེས། སྣར་ཐང་པའི་དགེ་བཤེས་ཡེ་ཤེས་དཔལ་བྱ་བས་ཕྱགས་ཕྱིར་འབྲངས་ནས་ཞུས་པས་དབུ་མ་འཇུག་པ་ལ་སྦྱོར་ཊཱིཀའི་ཅིག་བརྩམས། དེར་བཞུགསརིང་ལ་དབང་ཁྲིད་ལུང་འབེལ་གཏམ་གྱི་དྲི་བའི་འཕྲ་བཅད་པ་རྣམས་ཀྱི་དུས་འདའ་བར་མཛད། ཆོས་རྗེ་ཡང་ཤིན་དུ་ཐུགས་དགྱེས་པར་བྱུང་། དགོངས་ཡུལ་གྱི་གསུང་རབ་ཀྱི་གོ་བ་རྣམས་ཀྱང་ས་ལོག་གནམ་ལོག་ཏུ་སོང་། སྤྱིར་བླ་མ་རྣམས་སྐུ་དྲིན་ཆེ། ཆོས་རྗེ་སྒྲོལ་མ་བ་སྐུ་དྲིན་ཤིན་དུ་ཆེ་ཞེས་ཡང་ཡང་གསུང་། ཆོས་རྗེའི་གསོལ་ཇ་པ་[A:38]བསོད་ནམས་དཔལ་འབྱོར་ལ་སྤྱོད་འཇུག་གི་བཤད་པ་ཉིན་གཉིས་ལ་ཚར་བ་ཅིག་གསུངས། ཁོང་སྐྱེས་བུ་དམ་པ་ཅིག་ཡོང་། ཆོས་རྗེ་གཤེགས་ནས་གཟིམས་ཁང་ཁོ་ནར་མི་ཚེ་སྐྱལ། མཚམས་ཁོངས་ནས་ཁྲིད་རེ་ཙམ་ནི་བཏབ་འདུག་གསུང་།