R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 17b
[B:17b] ཚད་ཀྱི་འགྲེལ་པ་བརྩམས། དེ་ནས་ལོ་གསར་དུ་ཉེ་བ་ན་ཟླ་མེད་དུ་ཡར་ཀླུངས་སུ་ཕེབས། ཡུམ་ལ་སོགས་པ་རྣམས་ཡུལ་དོན་ནས་འདུག་པས། ཁོང་རྣམས་ཀྱི་བྱ་བའི་གཉེར་ཁ་མཛད་དགོས་བྱུང་ནས་སྣར་ཐང་དུ་ཡར་ཕེབས་རྩིས་བཤོལ་ཏེ་ཕྱག་དཔེ་རྣམས་ལེན་དུ་བཏང་། བྱི་བ་ལོའི་
1420ལོ
དཔྱིད་ལྷ་ཁང་སྟེང་ཕྱག་འབུལ་ལ་ཕེབས། བགྲེས་སུ་མ་སོངབར་འདུག་པ་ཐུགས་ལ་བཏགས་ཞུས་པས། འདི་ཁ་ལས་རྒན་དུ་འགྲོ་མ་ཤེས་པ་ཡིན་མེད་གསུང་། ཤིན་དུ་དགྱེས་པའི་སྟོབས་ཀྱིས་དཔོན་སློབ་འབེལ་[A:42]གཏམ་ཁོ་ནས་དུས་འདའ་བར་མཛད་པས་ཨ་ཁུ་དགེ་སློང་གིས་ཇ་ནག་གི་གཞུར་ཆུ་སྐོལ་ཀྱོགས་གང་ཁྱེར་བྱུང་ནས་དཔོན་སློབ་གཉིས་པོ་ལ་བསྟན་ནས་ད་འདི་ལ་ཅི་འདུག་པ། ངས་ཀྱང་སུན་བཅོ་བརྒྱད་ཀྱི་བར་དུ་བཏུངས། འདིས་སུན་ཉི་ཤུ་རྩ་གཉིས་སོང་ཟེར་བ་ཡང་ཡོད། དེ་ནས་སློབ་དཔོན་སྟོན་བློ་བས་སྦྱིན་བདག་མཛད་ནས་ནམ་ཡིན་དུ་ལྷ་ཁང་སྟེངས་སུ་ཕེབས་པས་ཆོག་པས་ལྷ་ཁང་སྟེང་པ་མ་གཤེགས་བར་དུ་ལན་མང་དུ་བྱོན་ནས་སྲོག་འཛིན་གྱི་ཁྲིད། ངོ་སྤྲོད་ཡང་དག་དོན་གསལ། ཚེ་དཔག་མེད་གྲུབ་རྒྱལ་མའི་ཁྲིད། རྟ་མགྲིན་ལྷ་བཞིའི་དབང་། ཕུར་པ་མན་ངག་དྲུག་པའི་དབང་། རྟ་མགྲིན་ཡང་གསང་ཁྲོས་པའི་དབང་དང་། དེའི་གཏེར་ཆོས་པོ་ཏི། ཞི་བྱེད་བརྒྱུད་པ་ཕྱི་མའི་བློ་སྦྱོངགི་དབང་། ཞང་བློན་གྱི་རྗེས་གནང་དང་གདམས་སྐོར་པོ་ཏི་གཅིག་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ། ཕྱག་རྡོར་བཀའ་འབུམ་ལ་སོགས་པ་མང་དུ་གསན། ལུང་ལ་སོགས་པ་མཛད་པའི་སྐབས་སུ་དོར་མ་ཧྲུལ་པོ་རྒྱུས་ཀྱིས་གོན་ཟེར་བ་དེར་འདུག་གསུང་ནས་སྤྱན་གྱིས་ཆེར་མི་གཟིགས་བཞིན་དུ་ཆོས་རྣམས་གསུངས། སློབ་དཔོན་སྟོན་བློ་བ་ཐུགས་འཇོག་པའི་སྟོབས་ཀྱིས་ཁོང་གཤེགས་རྗེས་སུ་བྱ་བ་རྣམས་གནང་བར་ཞུས་པས་བྱ་བ་ཐམས་ཅད་མཛད་པས་ཉེ་གནས་ཤིག་ཡོང་པ་སེམས་འཁངས་པའང་བྱུང་། ཕྱིས་ལན་ཅིག་ཁོས་བཟོད་པར་གསོལ་ནས། ཇ་ཞུས་འབུལ་བ་བྱས་པ་བཞེས་པས་ཆོས་རྗེ་ལྷ་ཁང་སྟེངས་པའི་གསུང་ནས་ཁྱེད་ཀྱིས་ཁོའི་ཇ་བཞེས་སམ་གསུང་། བཏུངས་ལགས་ཞུས་པས་དེ་ལེགས། ཡུན་རིང་ཁྲོ་བ་དཔལ་ལྡན་བླ་མ་མིན། ཟེར་བ་ཡིན་གསུང་། གདན་ས་བ་སངས་རྒྱས་རྒྱལ་མཚན་པས་ཆོས་ཀྱི་དྲི་བ་མང་དུ་ཞུ་བ་རྣམས་ཀྱི་ལན་ལེགས་པར་བཏབ་པས། ཁོང་ཡང་དགྱེས་ཏེ་ཕྱི་རོལ་གྱི་གྲོག་ཁ་འདྲ་བ་རེར་བཞུགས་