R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 18a
[B:18a] ནས་ཆོས་གཏམ་མང་དུ་མཛད། ལན་[A:43]ཅིག་ལྷ་ཁང་སྟེངས་པའི་གསུང་ནས་གདན་ས་བ་ལ་ཁྱེད་ཀྱིས་གར་ཕྱིན་གསུང་། ངས་དྲུང་པ་དང་འབེལ་གཏམ་བྱས་པ་ལགས་ཞུས་པས། ཁོང་གི་དུས་འཁོར་ཆོས་རྗེ་ཕྱོགས་པ་དང་མཐུན་པར་འདུག་གམ་གསུང་། མི་མཐུན་པར་འདུག་ལགས་ཞུས་པས་དེ་ཅི་ཡིན་ནམ་མཐུན་པ་ཅིག་འོང་ཐང་བ་ལ། ཁོང་སྐྱེ་བ་སྔ་མ་དུས་འཁོར་མཁྱེན་པ་ཅིག་ཡིན་པར་འདུག་གསུང་སྐད། དེ་ཐུགས་བདེན་པར་འདུག དུས་འཁོར་སློབ་པ་ལ་ཚེགས་མ་བྱུང་། དེ་དང་འདྲ་བར་གསང་འདུས་འདི་ཡང་སྐྱེ་བ་སྔ་མ་སློབ་མྱོང་འདུག དེའི་དོན་གྱིས་སློབ་པ་ལ་ཚེགས་མ་བྱུང་གསུང་གདན་ས་བས་ལྷ་ཁང་སྟེང་པའི་དྲུང་དུ་ང་ཕར་ཕྱིན་ཅིག་ཁོང་ལ་ཞུ་བ་ཡིན་ཞུས་པས་དུས་འཁོར་རང་ལ་ནན་ཆགས་མཛོད། ད་ལྟར་གྱི་ཕར་ཚད་པ་འདི་རྣམས་ལ་ཆོས་ཀྱི་མགོ་རྩ་མི་འོང་བར་འདུག ད་ལྟའི་ཕར་ཚད་པས་དུས་འཁོར་གྱི་མདོར་བསྡུས་དང་པོ་ཡང་དགའ་གསུང་འདུག ཆོས་རྗེ་ལྷ་ཁང་སྟེངས་པ་རང་ཤིན་དུ་ཐུགས་རྗེས་འཛིན་པའི་སྟོབས་ཀྱིས། མཆེད་ཟླ་དབོན་པོ་གྲ་པ་ཐམས་ཅད་ཐུགས་དགྱེས་པར་བྱུང་བ་ཡིན། སྤྱིར་བླ་མ་ཐམས་ཅད་སྐུ་དྲིན་ཆེ། ཁྱད་པར་ཆོས་རྗེ་འདི་ཤིན་དུ་སྐུ་དྲིན་ཆེ་བ་ཡིན། ད་ལྟར་ཚེ་རིང་པོ་ཡོང་བ་འདི་ཡང་ཁོང་གི་ཚེ་སྒྲུབ་ཅིག་གནང་བ་དེའི་ཡོན་ཏན་ཡིན་པ་འདྲ། ལར་གྱི་བདག་གི་བླ་མ་དེ་ཡབ་མེས་རིམ་པ་ཐམས་ཅད་ཀྱང་ཐུགས་དམ་དང་སྐུ་ཡོན་ཏན་ཆེ། ཁྱད་པར་ཆོས་རྗེ་རིན་པོ་ཆེ་རང་སྐུ་ན་གཞོན་ནུ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན། དང་པོར་ཕར་ཚད་ཀྱི་ཡོན་ཏན་ཐམས་ཅད་ལེགས་པར་བཅད། རྙིང་མའི་བཀའ་གཏེར་གཉིས་ཀའི་མཁྱེན་པ་རྒྱ་ཆེ གསར་མའི་དུས་འཁོར་ལ་སོགས་པའི་རྒྱུད་དང་སྒྲུབ་ཐབས་ལ་སོགས་པ་དུ་མ་མཁྱེན། ཀུན་མཁྱེན་ཆེན་པོ་ཇོ་མོ་ནང་པ་དང་། ཆོས་རྗེ་བླ་མ་དམ་པ་དང་། ལོ་ཆེན་བྱང་རྩེ་[A:44]དང་། ཆོས་རྗེ་ཕྱོགས་པ་ལ་སོགས་པའི་སྐྱེས་བུ་དམ་པ་མང་དུ་བསྟེན། དུས་འཁོར་གསུང་བས་སྐུ་འཁོར་ན་དུས་འཁོར་འཆད་མཁན་ཡང་གསུམ་བཞི་ཙམ་ཡོད། ཁྲིད་རྒྱུན་དུ་གནང་བས་ཁང་པ་རྣམས་ན་མུན་ཁང་མེད་པ་ཆེར་མོད། གྲ་བ་ཐམས་ཅད་ལ་ཉམས་བཟང་པོ་སྐྱོང་རྒྱུའངཡོད། བླ་མ་ལ་གུས་པ་ཡང་ཞེ་ཐག་པ་ནས་བྱེད། ཆོས་རྗེ་རིན་པོ་ཆེ་སྐུ་སྐྱེ་སྔ་མ་དགའ་ལྡན་ནས་འཕོས་པར་བྱེད་