R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 19b
[B:19b] གསུང་བ་ཐོས་སོ། ཐང་པོ་ཆེ་པའི་བླ་མ་ཉི་མ་བ་ལ་ཐུབ་པ་དགོངས་རྒྱན་གྱི་ལུང་ཅིག་ཞུས་པས་ཁོང་ང་ལ་ལུང་མེད་གསུང་སྟེ་གསེར་ཁང་པའི་ཕྱོགས་མཐོང་གིས་མི་གནང་བར་འདུག་གསུང་། དེ་རྗེས་སྟོན་ཁར་སོང་བ་དང་། དྲུང་ལོ་ཙ་བའི་གསུང་ནས་ཆོས་རྗེ་སྒྲོལ་མ་བ་དེ་ཡང་ཕེབས་ཡོད་པར་འདུག་གསུང་བས་གཟིགས་སུ་བྱོན་པས། རྩེས་ཐང་གི་བསམ་གཏན་གླིང་དུ་ཕེབས་འདུག་ནས་དེར་བཞུགས་ཏེ། མདོ་དབང་ཆེན་མོ་གནང་བའི་དབང་རྒྱ་ཡང་མཛད། དབང་མི་བདུན་བཅུ་རྩ་ལྔ་ཙམ་གྱིས་ཟླ་བ་གཅིག་གི་བར་ཞུས། གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། ཚེ་བདག་ལ་སོགས་པའི་དབང་མང་པོ་དང་། གསང་སྙིང་ལམ་རིམ་དང་བཅས་པའི་བཤད་པ་དང་ལུང་མང་པོ་མཛད་པ་ཕལ་ཆེ་བ་དང་། ཁ་ཅིག་གིས་གཤིན་རྗེ་ཁ་ཐུན་གྱི་སྐོར་རྣམས་[A:47]ཞུས་པའི་ཞར་ལ། དེའི་ཆོས་སྐོར་བརྒྱད་ཙམ་གྱི་ལུང་ཡང་གསན། འབུལ་བ་བསྙེན་བཀུར་ལན་གཉིས་ཙམ་ཞུས། ལན་ཅིག་རབ་བརྟན་གླིང་ན་བཞུགས་འདུག་པས་ཕྱག་འབུལ་དུ་ཕེབས་པས་སྟག་རྩེ་བ་དང་ཡང་ཡོན་མཆེད་ཀྱི་འབྲེལ་དེ་ནས་བྱུང་བ་ཡིན། སྟག་གི་ལོ་
1422ལོ
ལ་སྒོ་མོ་རིན་པོ་ཆེ་བཟང་པོ་དཔལ་བ་སྣེའུ་གདོང་རྩེ་ན་བཞུགས་པ་ལ་གཟུངས་གྲ་ལྔའི་དབང་ལོ་ཙཱ་བ་རིན་རྣམ་པའི་ཡིག་ཆ་ལ་བརྟེན་པ་དང་། གཏེར་མའི་ཚེ་སྒྲུབ་འདི་བྲན་ཀ་དཔལ་ཡོན་གྱིས་སྒྲུབས་པའི་ལྕགས་ཀྱི་སྲེག་པ་རྩ་དེ་ཡིན་པར་འདུག་གསུང་ནས་གནང་བ་ཡིན་གསུང་། དེ་ནས་ཡོས་ལོའི་
1423ལོ
བར་དུ་རྩེས་ཐང་དུ་གཙོ་བོར་བཞུགས། དེ་རེས་ལྷ་ཁང་སྟེངས་སུའང་བཞུགས། ཡར་འབྲོག་གི་ཆབ་ཚན་ལ་ཕེབས་ནས་སྐྱེས་མཆོག་སྨོན་ལམ་པ་གསེར་གླིང་ན་བཞུགས་པའི་སྐུ་མདུན་དུ་མཇལ། ། བློ་སྦྱོང་སེམ་པའི་རིམ་པ་གསན། དེ་ནས་འཇམ་དབྱངས་ནམ་མཁའ་བཟང་པོ་དང་མཇལ། ཆོས་རྗེ་རང་བྱུང་རྡོ་རྗེའི་ཆོས་དྲུག་གསན། འབེལ་བའི་བཀའ་མཆིད་ཀྱི་དྲི་བ་མཛད་པ་རྣམས་ཀྱི་ལན་ལེགས་པར་བཏབ། ཁོང་མདོ་མང་ཀྱང་ཚར་གསུམ་གཟིགས། དེའི་དོན་ལ་ཐུགས་ལེགས་པར་ཞུགས་ནས་ཞག་བདུན་བདུན་གྱི་བར་དུ་མནལ་མེད་པ་ཡང་བྱུང་འདུག་གསུང་། གླང་ལུང་པའི་ཞལ་ནས་སློབ་དཔོན་པ། རྗེས་ཐོབ་དང་རྗེས་ཤེས་ཟེར་བའི་ཁྱད་པར་ཅི་ཡིན་པ་གསུང་། མཉམ་གཞག་གི་སྟོབས་ཀྱིས་དེ་ལས་ལངས་པའི་ཚེ་ཡོན་ཏན་ཅིག་སྐྱེས་པ་