[B:20a] ལ་རྗེས་ཐོབ་དང་དེ་མ་ཡིན་པའི་ཤེས་པ་ལ་རྗེས་ཤེས་ཟེར་བ་ཡིན་ལ་ཆེ་ཞུས་པས། དེ་ཁ་བཞིན་ཡིན་པའི་འཐུན་འགྱུར་ཡང་གནང་། རབ་བརྟན་གླིང་ན་མཁན་ཆེན་རྒྱལ་བཟང་པ་བཞུགས་འདུག་པས་ཕྱག་འབུལ་དུ་ཕེབས་ནས་སྦྱོར་དྲུག་བསྡུས་པ་ཅིག་ཀྱང་གསན། ཀུན་མཁྱེན་པ་བདེ་གཤེགས་སྙིང་པོ་གང་ལ་བཞེད་པ་འདུག་གསུང་། [A:48]རྣམ་ཀུན་མཆོག་ལྡན་ལ་བཞེད་པ་འདྲ་ཞུས་པས། ཀུན་མཁྱེན་ཤངས་པའི་བཞེད་དྲིས་པ་ཡིན་གསུང་། མེད་དགག་ལ་བཞེད་པར་འདུག་ལགས་ཞུས་པས། ནིམ་པའི་ཤིང་ལས་རྒུན་འབྲུམ་མིན་ཏེ། ཟེར་བ་རྣམས་ཐོན་པར་འདུག་གམ་གསུང་། ལེགས་པར་བཏོན་པས། སྟོང་པ་ལས་ནི་མྱང་འདས་བདེ་བ་ཟེར་བའི་སྟོང་པ་དེ་མེད་དགག་ལ་ཟེར་བ་ཡིན་གསུང་། འདི་ཁ་ནས་བདེ་གཤེགས་སྙིང་པོ་དེ་གང་ལ་བཞེད་ཞུས་པས། དེ་བཞིན་ཉིད་ལ་བྱེད་གསུང་། དེ་བཞིན་ཉིད་དེ་ཁ་ངོས་གང་ལ་འཛིན་ཞུས་པས། བུམ་པ་རང་བཞིན་མེད་པ་ལ་བྱེད་གསུང་། དེ་ཁ་མེད་དགག་མ་ལགས་སམ་ཞུས་པས་ཅི་ཡང་བཀའ་མི་གནང་། དེ་ཉིན་གསུང་བར་མི་བཞེད་པ་དང་ཐུག་པ་ཡིན། རྒྱུད་བླའི་འགྲེལ་བ་ན། རྒྱས་པར་བཀོད་ཚར་འདུག་པས་མེད་དགག་ལ་མི་བཞེད་པར་འདུག་གསུང་། དེ་ནས་དགུང་ལོ་སུམ་བཅུ་རྩ་གསུམ་བཞེས་པ་ཤིང་ཕོ་འབྲུག་
1424ལོ
གི་དཔྱིད་རྐྱང་ཆེན་དུ་ཕེབས་ནས་སླར་ཡང་དུས་འཁོར་རྒྱུད་འགྲེལ་གྱི་དཀའ་བའི་གནས་རྣམས་ལ་དྲི་གཏུག་གིས་ལེགས་པར་གཏན་ལ་འབེབས་པར་ཞུས་པས། རྐྱང་ཆེན་པ་ཐུགས་སྤྲོས་པ་ཆུང་བའི་སྟོབས་ཀྱིས་ཡོངས་སུ་རྫོགས་པར་ནི་མ་སོང་། རྐྱང་ཆེན་པ་ལུགས་བསྟོད་ན་བླ་མ་དབོན་པ་ཞེས་བྱ་བ་ཅིག་བཞུགས་པ་མཇལ་དུ་ཕེབས་གསུང་བས་དེའི་ཕྱག་ཕྱིར་ཕེབས་ནས་དབོན་པ་ལ་གཟའི་སྐོར་རྣམས་ཞུས་པས། བསྒོམ་བཟླས་ཅིག་གནང་ནས་མེ་ཕར་ཕུས་པས་སྨ་ར་ཚུར་ཚིག་ཡོང་བ་ཡིན་ནོ་གསུང་ནས་རྗེས་གནང་ནི་གནང་མ་བྱུང་། ཁོང་ཀུན་མཁྱེན་ཚུལ་བློའི་དབོན་པོར་འདུག་གསུང་། དེ་ནས་དཔོན་སློབ་ཁ་ཡར་ཅིག་མཛད་ནས་ཆོས་རྗེ་རོང་ཆེན་པ་སྐྱིད་སྨད་སྙེ་ཕུ་བཤུག་བསེབ་ན་བཞུགས་པའི་སྐུ་མདུན་དུ་ཕེབས། སྤྱི་ཆོས་གང་གསུང་རྣམས་དང་།