[B:20b] ཁྱད་པར་དམར་སྟོན་རྒྱམ་རིན་པས་དབུ་མ་[A:49]འཇུག་པ་གསན་ཞིང་འདུག་པ་ལྷན་དུ་ཞུས། དམར་སྟོན་པ་འདུལ་བ་གསུང་གི་འདུག་པ་དང་། ཆོས་རྗེ་རོང་ཆེན་ལ་ངན་སོང་སྦྱོང་རྒྱུད་ཀྱི་བཤད་པའང་གསན། ཤུག་གསེབ་ཀྱི་བླ་མ་དེ་ལ་བླ་མ་དགོངས་འདུས་ཀྱི་གཏེར་ཆོས་པོ་ཏི་ཆེན་པོ་བདུན་འདུག་པ་རྣམས་ཀྱང་གཡར་ནས་ལེགས་པར་གཟིགས་ནས་གཏད། ཁོང་ན་རེ་ངེད་ཀྱི་འདི་ཚོ་ལ་དྲུང་ལོ་ཙཱ་བ་ནི་བཀའ་བཀྱོན་རང་མཛད། སློབ་དཔོན་གཞོན་ནུ་དཔལ་བ་ནི་བཀའ་བཀྱོན་ཡང་མི་གསུང་། བསྟོད་ར་ཡང་མི་གསུང་ཟེར་སྐད། དེའི་དབྱར་དཔོན་བཞི་འཛོམ་པས་ཆོས་རྗེ་རོང་པོ་དཔོན་སློབ་བྱང་ཆུབ་གླིང་དུ་སྤྱན་དྲངས། ཆོས་བཙུགས་དགོན་པ་འདེབས་པར་ཞུས་ཏེ་ཞབས་ཏོག་ཀྱང་བཟང་བར་མཛད། དེར་གཟིམས་སྤྱིལ་གཅིག་གི་རྩིག་རྨང་བཏིང་བས་ངེད་རང་གི་འཁོར་རྣམས་འཇིགས་བྱུང་གསུང་། དེར་བརྒྱད་སྟོང་པ་གསན། དེ་ནས་སྟོན་ཁ་ཆུ་ཤུལ་རྫོང་པས་ཆོས་བར་ལ་སྤྱན་དྲངས་པའི་སར་ཡང་བཞུགས་ཏེ་དབུ་མ་སྙིང་པོ་རྩ་འགྲེལ་གསན། ཉིན་ཅིག་ཐོག་ཁར་ཞབས་སྐོར་མཛད་ཅིང་ཡོད་པའི་ཚེ། མཚན་ཉིད་པ་མང་རབ་དང་བོན་པོ་ཚུལ་ཁྲིམས་ཟེར་བ་ཅིག་གྲ་པའི་ཁྲོད་དུ་ཡོད་པ་ལབ་མང་དུ་བྱེད་སྣང་བའི་ནང་ནས། ཁ་ཅིག་འདིར་ཕེབས་པ་ཞུ་དང་ཁོང་ཟེར་ལུགས་འདི་ཡིན་ན་བོན་ལ་ཡང་ལེགས་པོ་ཡོད་པར་འདུག་ཟེར་བས། དེ་ལོས་འོང་ཁོང་ཚོས་ངེད་རང་གི་ཆོས་ནས་བསྒྱུར་བ་ཡིན་པས་ལེགས་ལེགས་འདྲ་ཡང་གཙོ་བོ་སྐྱབས་འགྲོ་བཟློག་ནས་མེད་པས་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྲོ་བ་ཡིན་གསུངས་པས། ཁོ་ཁྲོས་ཏེ། ཁྱོད་ཤི་ན་ཐལ་རླུང་ཅིག་འོང་། ང་ཤི་ན་ཉི་མ་ཚ་བ་འོང་ཟེར་ཏེ་ཁོ་གྲིར་ཤི་གསུང་། དེར་བཞུགས་རིང་ལ་ཡང་ཐམས་ཅད་དང་འབེལ་གཏམ་ཁོ་ན་མཛད། ལན་ཅིག་གནས་རྙིང་པ་གྲགས་པ་འོད་ཟེར་ཟེར་བའི་དགེ་བའི་བཤེས་གཉེན་དེ་དང་འབེལ་གཏམ་མང་དུ་མཛད་ནས་ཚིག་རེ་[A:50]ལ་