[B:21a] གོ་བ་རེ་དགོས་པ་ཡིན་མེད་གསུངས་པས་སློབ་དཔོན་པ་དེ་བྱུང་ན་ད་སངས་རྒྱས་རང་ཡིན་ཏེ་ཟེར། བཟད་པ་ཆོས་རྒྱལ་དཔལ་བཟང་པས་ཆོས་རྗེ་རོང་པོ་དཔོན་སློབ་ཁ་ཡར་ཅིག་ཞག་གསུམ་བཟད་མཐོང་སྨོན་དུ་སྤྱན་དྲངས་པའི་ཕྱགས་ཕྱིར་ཡང་ཕེབས། དེར་དགེ་བའི་བཤེས་གཉེན་ཆོས་གོས་སྣམ་ཕྲན་མ་བཞེས་པ་ཅིག་ཀྱང་བྱོན་ནས་འབེལ་གཏམ་མང་དུ་མཛད། ཁྱད་པར་དུ་སོགས་འདི་ལ་དགོས་པ་ཅི་ཡོད་པ་ཡིན་ཞེས་དྲིར་བྱུང་བས། དུ་སོགས་ཀྱིས་ཡེ་ཤེས་ཀྱི་སྐུ་འགྲུབ་ཚུལ་རྣམས་ལེགས་པར་གསུངས་པས་ཁོང་དགྱེས་ནས་ད་དུ་སོགས་ལ་དགོས་པ་བྱུང་ཟེར། རྟིང་དུ་སོང་དུས་སྒྲུབ་པ་བ་རྒྱ་མཚོ་དཔལ་ཞེས་བྱ་བའི་བསྙེན་སྒྲུབ་པ་ཆེན་པོ་དེ་ཡིན་པར་འདུག དུས་ཕྱིས་ཆོས་རྗེ་པཎ་ཆེན་སྤྱན་དྲངས་ནས་དཔལ་སྡེར་ཕེབས་པའི་ཚེ་ཁོང་ཡང་ཆོས་རྗེ་མཇལ་དུ་བྱོན། དྲུང་མཁན་ཆེན་པ་གང་ན་བཞུགས་འདུག་ང་ཕྱག་འབུལ་བ་ཡིན་གསུང་ནས་ཁོང་རང་གི་སྤྱན་ཚབ་དེ་ལ་དྲི་ཞིང་འདུག་གསུང་། ཆོས་རྗེ་རོང་པོ་ལ་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་ཡང་གསན། དེ་དུས་གཞིས་ཁ་གོང་དཀར་ན། དབང་གྲགས་པ་རྒྱལ་མཚན་ཕེབས་པ་ལ། ཕྱག་འབུལ་དུ་བྱོན་པས། ཆོས་རྗེ་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བ་དང་། བགྲོ་གླེང་གྱིས་གསུང་བ་ལྟར་ཆོས་གཏམ་ལ་བཞེངས། ཡང་མཁན་ཆེན་གཞོན་འོད་པ་དང་བགྲོ་གླེང་མཛད་དུས། ཕྱག་ལ་བ་ལུའི་ཕྱག་ཚེ་སྐོར་ཆེ་བ་ཞིག་ཡོད་པ་ཕྱག་བརྐྱང་བའི་ཚེ་བུད་ནས་ཕ་ཟད་དེ་ན་བླ་མ་གནས་ནང་པ་ཡིན་ཟེར་བ་ཅིག་བཞུགས་པའི་ཀརྨ་གན་ཡོལ་གྱི་ནང་དུ་ཁྲོལ་ཟེར་ནས་སོང་བས་ཆག་ཡོད་དགོངས་རྩ་ན་ཅི་ཡང་བ་བྱུང་བར་འདུག དེ་འཁྲུལ་ཞིག་བསོད་ནམས་འབུམ་ཡིན་པར་སྣང་ངོ་། སྐབས་ཤིག གོང་མ་ཆེན་པོས་ཁོ་དེ་སློབ་དཔོན་སྟོན་ཤཱཀ་དེ་ཆང་འཐུང་གི་ཡོད་ཨང་གསུང་། དུམ་རེ་བཞེས་ཏེ་གང་བཞེས་ཐམས་ཅད་[A:51]རིང་སྲེལ་དུ་སོང་བྱུང་ལགས་ཞུས་པས། དེ་ཁ་བྱུང་གསུང་། དེར་གོང་དུ་ཆོས་རྗེ་རོང་ཆེན་པ་དཔོན་སློབ་ལ་ཆོས་བར་གྱི་སྦྱིན་བདག་ཞུས་པས་ཡར་ཀླུངས་སུ་