[B:21b] བྱོན་ཟེར་བ་གྱིས་ཞེས་དེའི་ཞུ་བའང་འགྲུབ་བྱུང་གསུང་། དེ་ནས་རྩེས་ཐང་ཕེབས་ཏེ་རྔོག་ལུགས་རྣམས་གསན་པར་བཞེད་པའི་ཚེ། ཁ་ཅིག་ན་རེ། རིན་པོ་ཆེ་པ་རང་ལ་གསན་པ་འཐད་ཟེར། ཁ་ཅིག་སྣང་ར་བ་ལ་གསན་པ་འཐད་ཟེར། ཆུ་མིག་དགོན་སར་དུ་དགེ་སློང་ཤེར་ལྷུན་པ་ལ་རྨི་ལམ་དུ་ཡི་དམ་ལ་ཞུར་བཅུག་པས། ཁོང་གིས་སྐུ་སྐྱེ་སྔ་ཕྱིའི་ལུང་བསྟན་མང་པོ་དང་རིན་པོ་ཆེ་རང་ལ་ཞུས་པ་ལེགས་པའི་འཐད་པ་དང་བཅས་པ་བསྐུར་བྱུང་བ་དང་། བསམ་གཏན་གླིང་དུ་སློབ་དཔོན་ཡེ་ཤེས་དཔལ་ལ་པྲ་འབེབས་སུ་བཅུག་པས་པྲ་རྟེན་ན་རེ། དབུ་རྩེ་ཅིག་འདུགདེའི་སྟེང་ན་བླ་མ་ཅིག་འདུག དེའི་སྒོ་རྩ་ན་མི་ནག་པོ་རལ་གྲི་བཟུང་བ་ཅིག་འདུག་ཟེར་བས། སྤྲེའུ་ཞིང་རིན་པོ་ཆེ་རང་ལ་གསན་པ་ལེགས་པར་དགོངས་ནས་འབྲུག་ལོའི་མཇུག་ཏུ་ཉེ་བ་ན་གཞུང་སྤྲེའུ་ཞིང་དུ་ཕེབས་ནས་རིན་པོ་ཆེ་བྱང་ཆུབ་དཔལ་བའི་ཞབས་ལ་གཏུགས་ཏེ་དབུ་མཛད་བཀྲ་ཤིས་དཔལ་ཞེས་བྱ་བའི་སར་བཞུགས་ནས། དགེ་འདུན་སྒང་པའི་མཁན་ཆེན་སེང་གེ་དཔལ་བ་དང་ལྷན་དུ་གསན་པ་ལ། ཐོག་མར་ཀྱེ་རྡོར་ཡབ་བཀའ་ཡུམ་བཀའ། རིགས་བསྡུས་རྣམས་ཀྱི་དབང་ཡོངས་སུ་རྫོགས་པ། བརྟག་གཉིས་རིན་ཆེན་རྒྱན་འདྲ་དང་རྔོག་པའི་གསུང་སྒྲོས་སྦྲགས་པའི་བཤད་པ། གུར་ཞེ་སྡང་རྡོ་རྗེའི་ཊིཀའི་སྟེང་ནས་བཤད་པ་ལེགས་པར་གསན། དེ་རྗེས་རྒྱུད་དེ་གཉིས་ཀྱི་རྫོགས་རིམ་ནཱ་རོ་ཆོས་དྲུག་གི་ཁྲིད་གནང་བ་ལ། རྩ་བའི་ཁྲིད། ཞལ་གདམས་བཀའ་བཞིའི་ལོ་རྒྱུས་དང་བཅས་པ། སྟེང་སྒོ་རྣམ་གྲོལ། ཨ་ཐུང་། ཚིགས་སུ་བཅད་པ་བརྒྱད་པ། རིམ་པ་ལྔ་ལྡན། དབང་ཉམས་ཕྱག་རྒྱ་ཆེན་པོ། གཉིད་འོད་གསལ། [A:52]འབྱུང་བཞི་རོ་སྙོམས། ཁ་སྦྱར་དབྱེ་བའི་ཡིག་ཆུང་། འོད་གསལ་དོན་བཞི་མ། གྲོང་འཇུག འཕོ་བ་དང་གྲོང་འཇུག་གི་ཞལ་གདམས། ཕྱག་རྒྱ་ཆེན་པོ་སྣང་བ་ཕྱི་ཤུར་རྣམས་དང་། མེ་ཏྲི་བའི་ལམ་དགུ་ཕྲུགས། སྒྲུབ་ཐབས་མཚོ་སྐྱེས། ཡན་ལག་དྲུག་པ། བདུད་རྩི་འོད། མི་ཐུབ་ཟླ་བའི་བདག་མེད་མའི་སྒྲུབ་ཐབས་རྣམས་གསན། དེ་ནས་