[B:22b] དང་ཕྱག་ལེན་རྣམས་ལེགས་པར་གསན། དབང་གསན་པའི་སྐབས་སུ་དབང་ཆང་ཅིག་གྲབས་མཛད་པས་འགོད་ཅིག་བྱུང་ཟེར་བས། ད་ཁ་ཕྱེ་ལ་ཁོ་རང་ཚོ་ལ་བྱིན་ཞོག་གསུངས་པས་དེ་ཉིན་ནང་ཐམས་ཅད་སྐྱུར་དྲིར་སོང་ནས་དགོང་མོ་དྲི་ཡང་ཆང་སྦང་མ་ལའང་ཅི་ཡང་མི་བྲོ་བ་ཅིག་བྱུང་གསུང་། དེར་ཆོས་གསན་པའི་ཞར་ལ་བླ་མ་ཆེས་མཛོད་བྱ་བ་ལ་དབང་མདོར་བསྟན་གསུངས་པའི་ཚེ། དེ་རིང་འདི་ཙམ་ཞིག་འཆད་དགོངས་པ་མཛད་ནའང་། ཁོང་གི་མདུན་སླེབ་འཕྲལ་དུ་ཐིབ་ཏུ་འགྲོ་ཞིང་འདུག་པས། ཞག་གསུམ་ཙམ་དུ་ཅི་ཡང་མ་གསུངས། དེ་ནས་ཉིན་ཅིག་ཁྱེད་ལ་བླ་མ་ཅིག་དང་ཐུག་ཅིག་ཡོད་པ་ཨེ་ཡིན། གསུངས་པས་དེ་ཅི་ལགས་ཟེར། འདི་བཞིན་འོང་གི་འདུག་གསུངས་པས་མེད་ཟེར། ཡང་ཡོད་པར་འདུག་གསུངས་པས་སེམ་པ་ཅིག་བྱས་ནས་ཐུགས་བདེན། ངས་བླ་མ་རི་པ་ལ་སྦྱོར་དྲུག་ཞུས་ནས་མ་ཚར་བ་ལ་འགྲོ་གྲབས་བྱས་པས། ཁོང་གིས་ཆང་དྲངས་ནས་དེ་ཙུག་མ་བྱེད་པར་སྡོད་ལ་ཆོས་འཕྲོ་ཉོན་གསུང་ཀྱང་མ་ཉན་པར་ཕྱིན་པ་ཅིག་ཡོད་ཟེར། དེ་ནས་ཆོས་རྗེ་སེམས་དཔའ་ཆེན་པོ་ཆུ་བོ་རི་ན་བཞུགས་པའི་སྐུ་མདུན་དུ་གསང་འདུས་གསན་པའི་ཞུ་བ་འབུལ་བ་ལ་དགེ་བཤེས་ཚུལ་རྒྱལ་བཏང་ཡང་སྙུང་བ་དང་ཐུག་ནས་ཞལ་བཞེས་མ་བྱུང་། མཁན་ཆེན་སེང་གེ་དཔལ་བ་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་། བརྟག་གཉིས་ཀྱི་ནཱ་རོ་འགྲེལ་ཆེན། [A:54]མཁའ་འགྲོ་རྒྱ་མཚོའི་རྒྱུད། རྗེ་མར་པའི་ཤོག་དྲིལ་བཞི་རྣམས་གསན། སྤྲེའུ་ཞིང་ནས། རྐྱང་ཆེན་དུ་ཕྱག་འབུལ་དུ་ཕེབས་པས་རྐྱང་ཆེན་རི་ཁྲོད་ན་མཁན་ཆེན་བྱང་དཔལ་བ་བཞུགས་ཟེར་བས་དེར་ཡང་ཕེབས་པས་མཁན་ཆེན་བྱང་པའི་གསུང་ནས། བླ་མ་བཀའ་བཞི་བ་ཁྱེད་ད་ཅི་བྱེད་བསམ་ཡོང་གསུང་། ནུས་ན་དགེ་སྦྱོར་བཞིན་བྱེད། མ་ནུས་ན་ཉལ་སྡོད་བསམ་ཡོད་ཞུས་པས། དགེ་སྦྱོར་བླ་མ་སུ་ལ་བརྟེན་ནས་བྱེད་གསུང་། འབྲོག་པའི་བླ་མ་རྣམ་གཉིས་བཟང་བར་སྣང་བས་དེ་གཉིས་ལ་བརྟེན་བསམ་ཡོང་ཞུས་པས། ཆོས་རྗེ་སེམས་དཔའ་ཆེན་པོ་ལྟ་བུ་ལ་མི་བརྟེན་པར་ཁོང་གཉིས་ལ་ཅི་ཡོད་པ་གསུང་། ཆོས་རྗེ་སེམས་དཔའ་ཆེན་པོ་ལ་གུས་པར་ཡོད་ནའང་བསྟན་པ་