[B:23b] པས་ཡོད་པར་ནི་རློམ་གྱི་འདུག་ཟེར། རེས་རྩེས་ཐང་དུ་བཞུགས་ཏེ། ཆོས་རྗེ་ཉེར་གཉིས་རིན་པོ་ཆེའི་སྐུ་མདུན་དུ་ཕལ་ཆེར་ཕེབས། སྐུ་མདུན་དེར་དགེ་བའི་བཤེས་གཉེན་མང་དུ་འཚོགས་ནས་འབེལ་གཏམ་ཁོ་ནས་དུས་འདའ་བ་ཡིན་པ་ལ། སྤྱན་སྔ་རིན་པོ་ཆེ་ཡང་དགེ་བཤེས་གཞན་རྣམས་ཀྱི་ཆོས་སྐད་ལས་ཆེས་ལྷག་པའི་ཐུགས་མཐོང་ཆེན་པོ་ཡང་གནང་། ཐུགས་རྗེས་ཤིན་དུ་འཛིན་པའི་སྟོབསཀྱིས་སྤྱན་སྔར་རིན་པོ་ཆེ་ཕྱག་ཚ་མང་དུ་གནང་བའི་རྗེས་ལ་གཟིམས་ཆུང་དུ་སྐུ་ངལ་རེ་གནང་བའི་སྐུ་མདུན་དུ་ཡང་བཞུགས་ཆོག་པར་བྱུང་། སྤྱན་སྔ་རིན་པོ་ཆེ་བསམ་གྱིས་མི་ཁྱབ། ཕྱག་ཚ་གནང་བ་དང་ཐུགས་དམ་འཁོབས། གཟིམས་ཆུང་དུ་སྐུ་ངལ་གསོ་དུས་མནལ་དུམ་རེ་གནང་། མནལ་[A:56]གྱི་ངང་དེ་ཁ་ལ་ཐུགས་དམ་བཟླས་པའི་གྲངས་འཛིན་བསྐྱུར་བ་ཡང་འཆོལ་མི་འགྲོ་བ་ཞིག་ཡོད་ཅེས་གསུང་། ལན་ཅིག་སྒྱུ་ལུས་ཀྱི་འབེལ་གཏམ་ཅིག་བྱུང་བས་རྫོགས་རིམ་པའི་སྒྱུ་ལུས་དེ་ལྷ་ཕོ་རེང་པོ་ཅིག་རང་འོང་བ་མིན་པ་འདྲ། སྣང་བ་འདི་ཐམས་ཅད་སྒྱུ་ལུས་སུ་འཆར་བ་ཡིན་པ་འདྲ་ལགས་ཞུས་པས། སྤྱན་སྔ་རིན་པོ་ཆེའི་བཀའ་ལུང་ལ། ཁོ་དེ་མྱོང་བ་ཕུལ་ཅན་ཡོད་པའི་གཏམ་འདྲ་བ་གསུང་ནས་ལེགས་པར་ཐུགས་དགྱེས་པར་གྱུར། དོ་ཧ་སྐོར་གསུམ་དང་ལྔ་ལྡན་གསན། ཐེལ་དུཕེབས་པའི་ཕྱགས་ཕྱིར་བྱོན་པས། སྤྱན་སྔ་རིན་པོ་ཆེ་སྐུ་ཁམས་དུམ་ཞིག་མ་བདེ་བ་དང་ལྷན་དུ་དབུ་ཁོ་ན་སྙུང་བ་ཅིག་བྱུང་། ནང་མོ་ཅིག་བླ་མ་ཚུལ་རྒྱལ་བ་དེ་བྱོན་ནས་མདང་ཆོས་རྗེ་རིན་པོ་ཆེ་ཨ་ཙ་ར་དེ་འདྲས་སྤྱན་དྲངས་ནས་ཁྲ་མོར་ཕེབས་བྱོན། དེའི་ཕྱགས་ཕྱིར་སློབ་དཔོན་ཀུན་རྒྱལ་དང་ཁྱེད་རྣམ་གཉིས་ཀྱང་འདུག་པས་ངས་སྤྱན་འདྲེན་རྣམས་བསྐྲད། ཆོས་རྗེ་རིན་པོ་ཆེ་ཀ་བཞི་སྟེངས་སུ་ཡར་སྤྱན་དྲངས་ནས་བཞུགས་གདན་ལ་བཞུགས་སུ་གསོལ་བྱས་པའི་རྨི་ལམ་བྱུང་