[B:2a] བག་ཆགས་བཟང་པོས་རིགས་སད་པའི་སྐྱེས་བུ་ཆེན་པོ། མཁས་ཤིང་གྲུབ་པའི་སྐྱེས་བུ་དྲུག་བཅུ་རྩ་དྲུག་ལ་བརྟེན་ནས་ཐོས་བསམ་ཕྱོགས་མེད་དུ་མཛད་པ། རྣམ་པར་དག་པའི་དམ་ཚིག་ལ་ནན་ཏན་དུ་མཛད་པས་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པ། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཀློང་ཕྱོགས་མེད་དུ་བརྡོལ་བ། ཡོན་ཏན་ཐམས་ཅད་ལ་གོང་ནས་གོང་དུ་འགྱུར་ལེགས་པར་ཐོན་པ། མཐོ་དམན་གྱི་སྐྱེ་བོ་ཐམས་ཅད་ལ་སྔོན་ཇི་ལྟ་བ་བཞིན་དུ་འགྲོགས་པའི་གཞུང་བཟང་བ། མཆེད་གྲོགས་དང་སློབ་མ་དང་འཁོར་དང་ཉེ་ཕྱོགས་སུ་བཟོད་པའི་གོ་ཆ་སྲ་བ། ཆོས་ཟབ་མོ་ལ་བཟོད་པ་རབ་ཏུ་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཕྱོགས་ལ་པོ་ཏི་འདི་ཙམ་ཞིག་མཁྱེན་པ་ཡིན་ཟེར་བའི་ཚད་སུས་ཀྱང་བཟུང་བར་མི་ནུས་པ། སྤོབས་པའི་མཐའ་གང་ལའང་གཏུགས་པ་མེད་པ། བས་མཐའི་གནས་རྣམས་སུ་བཞུགས་ཏེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་ནས་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ། འཇིག་རྟེན་གྱི་གཏམ་སྣ་ཚོགས་ལ་གཙོ་བོར་མ་མཛད་པར་དམ་པའི་ཆོས་ཀྱི་འབྲེལ་བའི་གཏམ་ཁོ་ནས་དུས་འདའ་བར་མཛད་པ། དགེ་བའི་གཤེས་གཉེན་སུ་ལའང་ཕྲག་མི་དོག་པར་ཡང་དག་པའི་བསྟོད་པ་མཛད་པ། དམན་པ་རྣམས་ལ་འང་བརྙས་པར་མི་མཛད་པ། སྐུའི་སྤྱོད་པ་རྣམས་ཤིན་དུ་གཙང་བ། མཛད་སྤྱོད་ཐམས་ཅད་མཐའ་གཉིས་དང་[A:3]བྲལ་བར་སྤྱོད་པ། འཇིག་རྟེན་གྱི་རྣམ་གཡེང་ཐམས་ཅད་ཇེ་ཆུང་ཇེ་ཆུང་ལ་བཏང་ནས་བྱ་བྲལ་གྱི་བརྟུལ་ཞུགས་ཇེ་བཟང་ཇེ་བཟང་དུ་གཏོང་བ། བསམ་གྱིས་མི་ཁྱབ་པའི་མཁྱེན་པ་མངའ་ཡང་ཐ་མལ་པ་ལྟར་མཛད་པ། གདུལ་བར་བྱ་བ་ཇི་སྙེད་པའི་རྒྱུད་དམ་པའི་ཆོས་དང་ཅི་འབྱོར་དུ་སྦྱོར་བ། སྙན་པའི་གྲགས་པས་ཕྱོགས་ཀུན་དུ་ཁྱབ་པས་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ཀྱི་པདྨར་ཕྱག་བྱས་པ། མི་མཐུན?འཐུན་པའི་ཕྱོགས་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྗེས་སུ་འཐུན་པའི་ཏིང་ངེ་འཛིན་གྱིས་བཟློག་པར་ནུས་པ། སྤྱིར་སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་དང་། བྱེ་བྲག་ཏུ་འགྱུར་དང་ཡིག་འཇོག་མང་དུ་གནང་བས་བསྟནཔ་གསལ་བར་མཛད་པ། ཟབ་པ་དང་རྒྱ་ཆེ་བའི་གསུང་གི་རྒྱུན་ཐམས་ཅད་སྐྱེས་བུ་ཆེན་པོ་