[B:2b] རྣམས་ཀྱིས་རྗེས་སུ་བཟློས་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་དང་ལྡན་པ། གསོལ་བ་ཇི་ལྟར་བཏབ་པ་བཞིན་དུ་ཡུན་དུ་བཞུགས་པར་བཞེད་པའི་ཐུགས་རྗེ་ཆེན་པོ་མངའ་བ། མནལ་ལམ་གྱི་འཇུག་པ་ཡང་སྒྱུ་མའི་རྣམ་འཕྲུལ་ལྟར་སྤྱོད་པར་ནུས་པ། སྒྲིབ་པ་མེད་པའི་ཆོས་ཀྱི་སྒོ་ཕུལ་དུ་བྱུང་བ་མངོན་དུ་བརྙེས་པ། སློབ་མ་མཆོག་དམན་བར་མའི་སྐལ་བ་དང་མཚམས་པའི་ཆོས་སྟོན་པ་ལ་ངལ་བ་མི་མངའ་བ། མ་འོངས་པའི་དུས་ཀྱང་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པ་རྒྱུན་མི་འཆད་པ་ཞེས་བྱ་བ་ནི། རགས་པའི་སྡེ་ཚན་རྣམ་པར་དབྱེ་བའི་མདོར་བསྟན་གྱི་ཡལ་གས་ཕྱུག་པར་གྱུར་པ་ཉིད་དོ། ། ད་ནི་དེ་རྣམས་རྒྱས་པར་བཤད་པའི་འདབ་མ་རབ་ཏུ་རྒྱས་ཤིང་དོན་བཟང་པོའི་འབྲས་བུས་མངོན་པར་བརྗིད་པ་སྤྲོས་ཏེ་བརྗོད་པ་ལ། [A:4]
༢ སྐུའི་སྐྱེ་བ་སྔ་མ་མང་པོར་རླབས་པོ་ཆེའི་སྦྱོད་པ་རབ་ཏུ་སྤྱད་པ་ཞེས་བྱ་བ་ནི།
གྲུབ་ཆེན་ཨུ་རྒྱན་པའི་སློབ་མ་གོ་ལུང་པ་གཞོན་ནུ་དཔལ་དུ་གྱུར་ཏོ་ཞེས་བྱ་བ་དང་། འཇིག་རྟེན་གྱི་བྱ་བ་བཏང་བའི་བརྟུལ་ཞུགས་ལ་གནས་པ་ཤ་སྟག་ཏུ་འཁྲུངས་པ་ལས་འདི་ནི་བརྒྱ་དང་བཅུ་བདུན་པ་ཡིན་ནོ། ཞེས་ལྷག་པའི་ལྷས་མནལ་ལམ་དུ་ལུང་བསྟན་པ་དང་། བསམ་ཡས་སུ་ཕྱིན་པའི་ཚེ། ཁྱད་པར་དུ་དད་པ་འཕེལ་ཞིང་དང་པོ་སངས་རྒྱས་ཀྱི་བསྟན་པ་འཛུགས་པའི་དུས་སུ་ངེས་པར་བྱ་བ་རྣམས་ལ་གཏོགས་པ་ཞིག་ཡིན་བསམ་པ་སྐྱེ་བ་ཞིག་ཡོང་གི་འདུགསུ་ཡིན་ནི་མི་ཤེས་བསྟན་པ་འཛུགས་པའི་དུས་སུ་ངེས་པར་བསམ་ཡས་སུ་སྐྱེས་པ་འདྲ་གསུང་ཞིང་། བསམ་ཡས་བཞེངས་པའི་ལོ་རྒྱུས་དང་། རྒྱལ་བློན་རྣམས་ཀྱི་བྱ་བ་ཇི་ལྟར་མཛད་པ་དང་། མཁན་པོ་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་ཕེབས་ནས་བསྟན་པ་བཙུགས་པ་དང་། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཆོས་ཇི་ལྟར་བསྒྱུར་བ་གསུང་དུས་སྤྱན་ཆབ་མང་དུ་འབྱིན་ཞིང་། གུས་པའི་རྣམ་འགྱུར་ཆེར་མཛད་པ་དང་། སྣར་ཐང་ནས་ཇོ་མོ་ནང་མཇལ་དུ་ཕེབས་པའི་ཕྱིར་ལམ། བྲག་རམ་དུ་བྱོན། དེ་ནི་སེ་བ་མང་དུ་འདུག་པ་ལ་སེ་འབྲུ་རྣམས་མཐུས། གཙུག་ལག་ཁང་དེར་ཕེབས་ནས་བཞུགས་པས་དེའི་ཐོ་སྐོར་གྱི་སྐྱེ་བོ་རྣམས་ཀྱི་ཙམ་པ་དང་དར་བ་ལ་སོགས་མང་དུ་ཁྱེར་ནས་འབུལ་དུ་བྱུང་། དེར་ཕེབས་མ་ཐག་ནས་དེ་རྣམས་སུ་ཤིན་དུ་བག་ཕེབས་པ་དང་ཡུལ་ཡིན་པ་སྙམ་བྱེད་པ་དང་། གཙུག་ལག་ཁང་དེའི་ནང་དུ་ཕེབས་པ་ཙམ་གྱིས་སྔར་འདྲིས་རྒྱུས་ཡོད་པ་སྙམ་བྱེད་པ་དང་། ཀ་གདོང་འདི་རྣམས་སུ་ཡངཆོས་ཀྱི་བཤད་པ་ལ་