[B:24b] རྗེ་རིན་པོ་ཆེ་ནམ་པ་ལ་སོགས་པའི་ཕྱགས་ཕྱི་བ་དྲུག་བདུན་ཙམ་མཛད་ནས་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། ལྷ་ཁང་སྟེངས་ན་ཚོད་མ་བཙོས་ནས་སོ་སོའི་སྒོ་རྩར་འགྱེད་པའི་སྲོལ་ཡོད་བས་བཀྱེ་བྱུང་བ་ལ། དེ་རིང་གི་དེའི་སྟེང་ནས་བཟའ་བུ་གང་ཕྱིར་གཏོར་ལ་དེ་ནས་ནང་དུ་ལོང་། [A:58]དེ་མ་བྱས་པར་མ་ལེན་གསུངས་ཀྱང་། གཉལ་པ་ཤཱཀ་བཀྲས་ཟེར་བ་ཅིག་ཡོད་པ་དེས་མ་ཉན་པར་བླངས་པས། དེ་མ་ཁད་ཁོ་རང་གི་རྐེད་པ་ཤིན་ཏུ་ན་སྟེ་ངའི་ཁ་ལ་མ་ཉན་པས་ལན་པ་ཡིན་གསུང་། དགུང་ལོ་སུམ་བཅུ་རྩ་དགུ་བཞེས་པ་ལྕགས་ཕོ་ཁྱིའི་
1430ལོ
སོས་ཀ་ཆུ་བོ་རི་ན་བདག་ཉིད་ཆེན་པོ་བློ་གྲོས་རྒྱ་མཚོ་བ་བཞུགས་པའི་དྲུང་དུ་ཕེབས་ནས། མངོན་པ་ཀུན་ལས་བཏུས་ལེགས་པར་གསན། དུས་རྟག་པར་དཔོན་སློབ་རྣམས་འབེལ་གཏམ་ཁོ་ནས་དུས་འདའ་བར་མཛད་པས། བཟད་པ་བློ་རྒྱམ་བ་ཡང་མཁྱེན་རབ་ལ་ཐུགས་ལེགས་པར་མགུ། ཕར་ཕྱིན་འགྲེལ་བ་བརྩོམ་འཕྲོར་ལུས་པ་ཡང་ཁོང་གི་གསུང་གིས་ལེགས་པར་བསྐུལ་ནས་ཕྱིས་ཚང་མར་མཛད། དེ་ནས་རྒྱ་དུར་གྱི་མཁན་ས་སྤྲད་པ་ལེན་མ་བཏུབ་པ་ལ་སྐྱུར་ཏེ་ཆུ་བོ་རི་ནས་གེ་རེ་སྐྱིད་དགོན་དུ་ཕེབས་ཏེ། ལྷ་པ་རིན་པོ་ཆེ་རྡོ་རྗེ་བླ་མའི་དྲུང་དུ། འདུས་པ་ཡེ་ཤེས་ཞབས་ལུགས་རྣམས་ལེགས་པར་གསན་ནོ། དེ་ཡང་། འཇམ་པའི་རྡོ་རྗེ་དང་། འཇིག་རྟེན་དབང་ཕྱུག་གི་དབང་། གཉོས་ནས་རྒྱུད་པའི་ཏྲཱ་སད་ཀྱི་རྗེས་གནང་། དཔལ་སྒམ་པོ་པ་ནས་རྒྱུད་པའི་ཏྲཱ་སད་ཐལ་མོ་གཅིག་ཆོག་གི་རྗེས་གནང་། འདུས་པའི་རྩ་རྒྱུད་སངས་རྒྱས་རས་ཆེན་གྱི་ཊིཀ་དང་བཅས་པ། བཤད་རྒྱུད་དགོངས་པ་ལུང་སྟོན། ལྷ་མོ་བཞི་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སྟེ་གསུམ། ཞལ་ལུང་། གྲོལ་ཐིག སྦྱོར་བདུན། བདག་སྒྲུབ། སྦྱོར་དྲུག སྒྲུབ་ཐབས་ཀུན་བཟང། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ། དེའི་འགྲེལ་པ་དཔལ་འབྲས་རྡོ་རྗེས་མཛད་པའི་སྒྲུབ་ཐབས། གཏོར་མ་ཆེན་པོ། ཚོགས་འཁོར་གྱི་ཆོ་ག དེ་ཁོ་ན་ཉིད་བཅུ་པ། གནོད་འཛིན་ཆུ་དབང་གི་སྒྲུབ་ཐབས། རྒྱ་ཆེའི་ཛམ་བྷ་ལའི་སྒྲུབ་ཐབས། གསང་བའི་ཛམ་བྷ་ལའི་སྒྲུབ་ཐབས། ཧེ་རུ་ཀའི་སྒྲུབ་ཐབས། འཇམ་དཔལ་[A:59]གྱི་མཆོད་ཕྲེང་། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས།