[B:26a] འབྱུང་པོ་ཅིག་གིས་ཁེངས་ཡོད་པར་འདུག་གསུང་པ་ལ། དེ་ལ་ཞེད་མི་དགོས་དེ་རྣམས་ལས་མཐུ་ཆེ་བའི་སངས་རྒྱས་བྱང་སེམས་མང་པོས་ཁེངས་ཡོད་གསུངས་པས་བྱམས་གླིང་རིན་པོ་ཆེའི་གསུང་ནས་པདྨ་བཟང་དང་འདི་གཉིས་ལ་ཧམ་པ་ཅིག་རང་ཡོད་གསུང་དུ་བྱུང་། གོང་དཀར་ན་བཞུགས་པའི་ཚེ། ཆོས་རྗེ་རྒྱལ་ཚབ་རིན་པོ་ཆེ་གནས་རྙིང་ལ་ཕེབས་པའི་རྩིས་གནང་ནས་ཕེབས། མཉན་པོ་གནས་སུ་ཞག་གཅིག་བཞུགས་པའི་སྐུ་མདུན་དུ་བྱོན་ནས་རྗེ་བཙུན་འཇམ་དབྱངས་ཀྱི་བཟླས་ལུང་ཅིག་གསན། ཆུ་ཕོ་བྱི་བའི་ལོ་ལ་རྩེས་ཐང་དུ་བཞུགས་ནས་ཆོས་མང་དུ་གསུངས། དེ་ལོ་དབང་གྲགས་པ་རྒྱལ་མཚན་གཤེགས་ནས་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་པ་ཁྲི་ཐོག་ཏུ་ཕེབས། དེའི་དགུན་གོང་ནས་སྐྱིད་ཤོད་ཕྱོགས་སུ་གཞིས་སྐོར་ལ་ཕེབས་པའི་ཕྱགས་ཕྱིར་རྩེས་ཐང་ནས་དགེ་བའི་བཤེས་གཉེན་གསུམ་ཕེབས་པའི་སྒྲེས་པ་ལ་བྱོན་ནས། དགེ་བའི་བཤེས་གཉེན་རྣམས་དང་འབེལ་གཏམ་མང་པོ་དང་བགྲོ་གླེང་མང་དུ་མཛད། གླང་ལོའི་
1433ལོ
དཔྱིད་གྲུབ་པའི་དབང་ཕྱུག་ནགས་ཀྱི་རིན་པོ་ཆེ་ཕྱགས་ཕྱི་བ་འགའ་ཞིག་གིས་བསྐོར། ལོ་ཙཱ་བ་ཡང་ཆོས་འཁོར་ལོ་ཙཱ་བ་དང་འབྲི་ཁུང་ལོ་ཙཱ་བ་ཟེར་[A:62]བ་གཉིས་དང་བཅས་ནས་རྩེ་ཐང་དུ་ཕེབས་པའི་ཚེ། སྐུ་མདུན་དུ་ཕེབས་ནས་དྲི་བ་མང་དུ་ཞུས། ཁྱད་པར་ཉིད་ལ་བྱང་ཆུབ་ཀྱི་སེམས་ཡོད་དམ་ཞུས་པས་ཅུང་ཟད ཡོད་གསུང་ནའང་ཞག་བཅུ་གཅིག་གི་བར་དུ་ཕྱག་ཀྱང་མ་ཕུལ། དེ་ནས་ཐུགས་ཀྱི་ངང་རྒྱུད། སྐུའི་སྤྱོད་ལམ། སྐུ་ཡོན་ཏན་གྱི་མཁྱེན་རྒྱ་ཐམས་ཅད་དཔག་པར་དཀའ་བར་དགོངས་ནས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་དྲུག གི་རྒྱ་དཔེ་གཅིག་ཕྱག་ན་འདུག་པས་དེ་ལེགས་པར་གསན། དེ་སྒྲོན་གསལ་གྱི་སྦྱོར་དྲུག་ལོགས་སུ་ཕྱུང་བ་ལྟ་བུར་འདུག་གསུང་། དེ་རྗེས་སུའང་བརྒྱད་སྟོང་པ། རྡོ་རྗེ་ཕྲེང་བ། རྡོ་རྗེ་གུར། མཚན་བརྗོད་ཀྱི་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། བི་བྷུའུ་ཏིས་མཛད་པའི་དེའི་འགྲེལ་བཤད། དོན་ཡོད་ལྷའི་འགྲེལ་བ། དབང་མདོར་བསྟན་གྱི་འགྲེལ་པ། ནཱ་རོ་པ།