[B:25b] བཤད་རྒྱུད་རྡོར་ཕྲེང་། རྟོག་བདུན། རྟོག་གསུམ། དམ་རྫས་ཀྱི་རྟོག་པ། གདོང་དྲུག གཤེད་མར་རིམ་པར་ཕྱེ་བ་བཅུ་དགུ་པ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། ཕྱག་ཆེན་ཐིག་ལེ། ཡེ་ཤེས་ཐིག་ལེ། དེ་ཁོ་ན་ཉིད་ཀྱི་སྒྲོན་མ། ངེས་བརྗོད་བླ་མ། རྣལ་འབྱོར་མའི་ཀུན་སྤྱོད། ཁྲག་འཐུང་མངོན་འབྱུང་། ཕག་མོ་མངོན་འབྱུང་། རྡོ་རྗེ་མཁའ་འགྲོ། མཉམ་སྦྱོར། དེའི་ཕྱི་མའི་ཕྱི་མ། བདེ་ཆེན་རལ་གཅིག སངས་རྒྱས་ཐོད་པ། དཔལ་མཆོག སྒྲོལ་མ་ཀུ་རུ་ཀུ་ལླེའི་རྟོག་པ་ལེའུ་ལྔ་པ། དེ་ཉིད་འདུས་པ། རྩེ་མོ། རྣམ་སྣང་མངོན་བྱང་། དེའི་རྒྱུད་ཕྱི་མ། དཔའ་བོ་ཅིག་གྲུབ། ལེགས་གྲུབ། བསམ་གཏན་ཕྱི་མ། ཕྱག་རྡོར་དབང་བསྐུར། གསང་བ་སྤྱི་རྒྱུད། རབ་གནས་མདོར་བསྡུས་པའི་རྒྱུད། ངན་སོང་སྦྱོང་རྒྱུད་ཀྱི་རྟོག་པ་ཕྱོགས་གཅིག་པ། གཟུངས་གྲ་ལྔ་ལ་སོགས་པ་འཐུས་ནས་གསན། དེའི་རྗེས་སུ་རིན་པོ་ཆེ་པས་རྒྱུད་འབུམ་གྱི་ལུང་ལན་མང་དུ་མཛད་ཀྱི་འདུག་པས། དེ་དུས་ངས་སྐུ་ནས་ཀྱི་ཞུ་མ་སྤོབས་པ་ལགས་ཞུས་པས། ཁྱེད་རང་གི་དེ་ཁས་ཆོག་པ་ཡིན་ཡོང་བསམ་བྱུང་། བདག་གིས་ནུས་པར་ཡོད་པ་ཡིན་ཏེ་གསུང་བྱུང་། རིན་པོ་ཆེ་པ་དེས་ཐུགས་རྗེས་ཤིན་དུ་འཛིན་པའི་སྟོབས་ཀྱིས་ཁྱེད་ཀྱིས་བདག་གི་རྣམ་ཐར་ཅིག་ཅིས་ཀྱང་གྱིས་གསུང་ཡང་བདག་གིས་མ་ནུས་པ་ཡིན་གསུང་། གཞན་ཡང་ཨ་བྷ་ཡཱའི་མན་ངག་སྙེ་མ་དང་། སྟོབས་པོ་ཆེ། འཕགས་པ་ཀུན་དུ་བཟང་པོ་ལ་སོགས་པ་གཟུངས་[A:61]ལྔ་བཅུ་ཙམ་གྱི་ལུང་གསན། དེའི་སྟོན་ཁ་དཔོན་བཞི་འཛོམ་པས་ཆོས་རྗེ་བྱམས་གླིང་པའི་ཆེད་དུ་ཞ་ལུ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པ་གོང་དཀར་དུ་སྤྱན་དྲངས་ནས་ཡོ་གའི་བུ་སྟོན་རིན་པོ་ཆེའི་ཡིག་ཆ་ཡོད་པ་རྣམས་ཀྱི་དབང་མཛད་པ་གསན་དུ་ཕེབསཏེ། རིགས་ལྔ་ལྷ་ཁང་དུ་བཞུགས། འཕྲལ་དུ་དཀྱིལ་ཆོག་རྣམས་ཀྱི་ལུང་ཡང་གནང་། དེར་ཡང་དུས་རྒྱུན་དུ་དགེ་བའི་བཤེས་གཉེན་རྣམས་དང་ཆོས་བགྲོ་བ་འབའ་ཞིག་གིས་དུས་འདའ་བར་མཛད། ཉིན་ཅིག་མཁན་ཆེན་ཀུན་རྒྱལ་བ་ན་རེ། གྲ་ལྔ་དེ་བལྟས་པའི་ཚེ་ངེད་རང་གི་ཤ་ཁྲག་དུམ་ཙམ་འདིའི་སྟེང་དུ་རྔམ་པའི་