R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 26b
[B:26b] སཱ་བྷུ་པཱུ་ཏྲ། བྱང་ཆུབ་རྡོ་རྗེ་གསུམ་གྱིས་མཛད་པ། ཆོས་འབྱུང་ཞི་བའི་མཆོད་ཆོག མངོན་རྟོག་རྒྱན། མདོ་སྡེ་རྒྱན། དབུས་མཐའ་རྩ་འགྲེལ། ཉི་ཁྲི་རྣམ་འགྲེལ། རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བཤད། སློབ་དཔོན་ཀ་ལུ་ཀས་མཛད་པ། དབུ་མ་ཚིག་གསལ་རྣམས་ཀྱི་རྒྱ་དཔེ་གཟིགས་ནས་སྐབས་འགར་དྲི་བ་དང་བཤད་པ་མང་དུ་གསན། གཞན་ཡང་དཔྱིད་ཐིག ཤཱནྟི་པའི་དབང་ངེས་བསྟན། དོ་ཧ་ལ་སོགས་པའི་རྒྱ་དཔེ་རྣམས་ཀྱང་གཟིགས་ནས་དྲི་བ་མང་དུ་ཞུས་པས་མཁྱེན་པའི་མཐའ་མི་མངོན་པར་དགོངས་པར་གྱུར། བདེ་མཆོག་ལཱུ་ཨི་པའི་དབང་ཡང་གསན། ཞབས་ཏོག་ཀྱང་མང་དུ་མཛད་ཐུབ་གསུང་། དེའི་སྟོན་མ་དབྱར་རྒྱལ་བཟང་དུ་གོང་མ་ཆེན་པོའི་དགོངས་རྫོགས་ལ་བཀའ་འགྱུར་བཞེངས་པའི་ཞུ་དག་གི་དཔོན་ལ་ཕེབས། དེའི་ཞར་ལ་ཆོས་རྗེ་རིན་པོ་ཆེ་ནམ་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་འགའ་ཞིག་ལ་ཆོས་གསུངས། སྟག་གི་ལོ་ལ་ཞ་ལུ་རིན་པོ་[A:63]ཆེ་གྲགས་པ་རྒྱལ་མཚན་པ་སྣེའུ་གདོང་རྩེར་ཕེབས་པའི་སྐུ་མདུན་དུ་ཕེབས་ནས་གྲུབ་པ་སྡེ་བདུན་དེ་ཁོ་ན་ཉིད་བཅུ་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་འགྲེལ་པ་དང་བཅས་པའི་ལུང་གསན། གོང་གི་བཀའ་ལུང་ལ་སློབ་དཔོན་གཞོན་ནུ་དཔལ་གྱིས་ཞ་ལུ་འགྲོ་མྱོང་ངམ་གསུང་། ཞ་ལུ་རིན་པོ་ཆེའི་ཞལ་ནས། ཁོང་པ་ཞ་ལུ་དང་ཚོར་མི་འབྱོན་ལགས། འུག་པ་ལུང་དང་ཚོར་འབྱོན་པ་ལགས་གསུང་དུ་བྱུང་། ཆོས་རྗེ་གུང་སྣང་བ་གླང་པཎྜི་ཏར་གྲགས་པ་དེ་ལ་རྗེ་རིན་པོ་ཆེའི་ཡིག་ཆའི་སྟེང་ནས་གསང་འདུས་མི་བསྐྱོད་པ་དང་། ཚེ་དཔག་མེད་གྲུབ་རྒྱལ་མ་ལྷ་མངས་ཀྱི་རྒྱ་གཞུང་ལ་བརྟེན་པ་དང་། ས་སྐྱ་བློ་ཆེན་གྱི་ཡིག་ཆའི་སྟེང་ནས་གདུགས་དཀར་གྱི་དབངརྣམས་གསན། ཡོས་ལོ་
1435ལོ
ལ་བསམ་གཏན་གླིང་དུ་བཞུགས་ནས་ཏིང་ངེ་འཛིན་ལ་གཙོ་བོར་མཛད། ད་ལྟར་གྱི་བསྡུས་པ་བ་རྣམས་ཀྱི་མཚང་ལེགས་པར་དགོངས། ཐུགས་དམ་གྱི་ལྷོངས་ཆེ་བར་བྱུང་ནས་སྙུན་དྲག་པོ་ཞིག་གིས་བཏབ་པ་ན། ཡར་འབྲོག་གི་གླང་ལུང་དུ་ཆོས་རྗེ་ནམ་མཁའ་བཟང་པོ་བའི་སྐུ་མདུན་དུ་ཕེབས་པར་བཞེད་པ་ཡང་ཤར། དེ་ནས་ཐུགས་ཀྱི་དགོངས་པ་ལེགས་པར་བཏང་ནས་ཆོས་བརྒྱད་ཀྱི་མགོ་སྙོམས་པས་ཕན་པར་བྱུང་།