[B:27b] བོད་སྐད་མི་ཤེས་པར་བོད་ཀྱི་བརྡའ་དག་བསླབས་པ་དང་འདྲ་བར་འདུག་པས་སྐད་དོད་མི་མཁྱེན་ན་དགོངས་པ་ཆུང་བར་དགོངས་ནས་སྒྲའི་ས་རིས་རྣམས་ལ་ནན་ཆགས་ཆེན་པོ་མ་གནང་། ཕྱིས་པཎ་ཆེན་རིན་པོ་ཆེ་དང་མཇལ་ནས་སྐད་དོད་རྣམས་ལེགས་པར་དགོངས་པའི་ཚེ་སྒྲའི་ས་རིས་བོར་བ་དེ་ཤིན་དུ་གནོད་པར་བྱུང་གསུང་། པཎ་ཆེན་རིན་པོ་ཆེའི་དྲུང་དུ་རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ། བདེ་མཆོག་དང་ཀྱེ་རྡོར་གྱི་སྒོས་བཀའ། གྲ་ལྔ་དང་། མི་གཡོ་བླ་མེད་ཀྱི་དབང་། ཕག་མོ་ཞལ་གཉིས་མ་དང་དོན་གྲུབ་མ། སྒྲོལ་མ་དྲག་མོའི་རྗེས་གནང་། དཔལ་དུས་ཀྱི་འཁོར་[A:65]ལོའི་དབང་། དབང་མདོར་བསྟན་འགྲེལ་པ་དང་བཅས་པ། དཔྱིད་ཐིག་འགྲེལ་པ། མན་ངག་སྙེ་མ། ཕྲེང་བ་སྐོར་གསུམ། དཔེ་མེད་མཚོའི་སྦྱོར་དྲུག དེའི་འགྲེལ་པ། ཉི་མ་དཔལ་ཡེ་ཤེས་ཀྱི་མཚན་བརྗོད་འགྲེལ་པ། མི་གཡོ་བླ་མེད་ཀྱི་རྒྱུད་ལ་སོགས་པ་གསན། པཎ་ཆེན་རིན་པོ་ཆེའི་ཞལ་ནས་ངས་ཛམྦུའི་གླིང་གི་སུམ་གཉིས་ཙམ་དུ་ཕྱིན་པ་ལ་པནྜི་ཏ་ཆེན་པོ་མིའི་ཉི་མ་ཤེས་རབ་ཆེ་བར་མཐོང་། དེའི་འོག་ན་ཀུ་མཱ་ར་ཤྲཱི་ལས་ཤེས་རབ་ཆེ་བ་མ་མཐོང་ཞེས་གསུང་བ་ཡིན་ཡང་ཟེར། པཎ་ཆེན་རིན་པོ་ཆེ་ཕེབས་པའི་ཚེ་དགྱེར་པའི་གྲུ་ཁར་སྐྱེལ་ཐུང་ལ་ཕེབས། བྱི་བའི་ལོ་ནས་སྦྲུལ་ལོའི་བར་དུ་གོང་གི་ཐུགས་ཀྱིས་ལེགས་པར་བཟུང་བས་སྣེའུ་གདོང་རྩེར་སྐུ་མདུན་དུ་བཞུགས་ནས། དགེ་བའི་བཤེས་གཉེན་རྣམས་དང་། འབེལ་གཏམ་ཁོ་ནས་དུས་འདའ་བ་མཛད། རེས་རྩེས་ཐང་དུ་བཞུགས་ནས་ཆོས་མང་དུ་གསུངས་ཀྱང་། ཕལ་ཆེར་སྣེའུ་གདོང་དུ་ཕེབས་དགོས་པས་དང་པོ་རྒྱ་དུར་དུ་ཚུད་ནས་ཅི་ཐོན་བྱས་པས་བྱུང་ཏེ། འདིར་རྒྱུན་ཏུ་སྐུ་མདུན་ཁོ་ནར་སྡོད་དགོས་པ་འདི་ཡང་མདུན་མའི་ཕུགས་བཟང་པོ་ཅིག་མི་འདུག་བསམ་ནས་མདུན་མ་བསྒྱུར་འདོད་ཆེན་པོ་བྱུང་བ་ཡིན་གསུང་། དེ་ནས་དྭགས་པོ་ཕྱོགས་