[B:29b] པར་བཏབ། གསང་དབང་མི་ཚད་བུམ་དབང་ལའང་གཉིས་སྦྱོར་འོང་བ་ཅིག་ཕྱག་ཆེན་ཐིག་ལེའི་སྐོར་ནས་གསུངས་འདུག ཁོང་དང་འདྲིས་ནས་འབེལ་གཏམ་ཀྱང་མང་དུ་བྱས། ཁོང་གིས་བྱམས་པར་ཡང་མཛད་གསུང་། རྟ་ལོའི་དགུན་དེ་སྐུ་རབ་ཏུ་སྐུ་རབ་ཁྲི་དཔོན་དཔལ་འབྱོར་བཟང་པོ་བས་སྤྱན་དྲངས་ནས་ཆོས་གསུངས། བླ་མ་དགོངས་འདུས་རྣམས་དེ་ན་བཞུགས་འདུག་པའང་ཐོགས་རེ་གཟིགས། དགོངས་གཅིག་གི་སྙན་པ་སྔ་མོ་ནས་གསན་ནའང་དཔེ་ཆ་བླ་མ་ར་མོ་བ་ལ་ཡོད་ཟེར་བས། གསན་དགོན་པ་ལ་གཡར་གྲོགས་བཅོལ་ནས་ལེགས་པར་གཟིགས་པས་ཐུགས་ལ་ཤིན་དུ་བབ་པར་བྱུང་། སྐུ་རབ་ན་དཀོན་བརྩེགས་ད་ལྟར་གྱི་འདི་དང་འགྱུར་མི་གཅིག་པ་མངོན་པར་དགའ་བ་ལར་རབ་ཏུ་དགའ་བའི་ཞིང་ཁམས་ཟེར་བ་ཡོད་པའང་ལེགས་པར་གཟིགས། ལུག་གི་དཔྱིད་ནས་ཟླ་བ་ལྔ་པའི་ནང་ཚུན་དུ་སྙོན་ཕུག་ཏུ་ཏིང་ངེ་འཛིན་འབའ་ཞིག་ལ་བཞུགས། ལ་བ་པའི་ཤེར་ཕྱིན་དགུ་པ་དང་། ཀླུ་བྱང་གི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་ཡང་བསྒྱུར། དེའི་དབྱར་ཉི་མ་ལྡོག་གདོང་ལ་ཙ་རིའི་གནས་སྒོ་ཕྱེ་འོང་བས་ཙ་རིར་ཕེབས། ཐོག་མར་སྡོང་པོ་མཁར་དུ་ཁལ་ཕོག[A:70]དེ་ནས་མཚན་ལྡན་ཐོད་པ་ལ་མཆོད་པ་ལེགས་པར་མཛད། དེ་རྗེས་ཡུལ་སྨད་རྣམས་སུ་གནས་སྐོར་མཛད་ནས་མཁའ་འགྲོ་འབུམ་དེ་ལ་དུ་ཞག་ས་མཛད་པས་དེ་ན་སྨད་དགྱེར་ཆོས་རིན་ཟེར་བ་ཅིག་འདུག་པ་ན་རེ། མདང་འདིར་རྗེ་བཙུན་འཇམ་དབྱངས་ཀྱི་སྒར་ཡིན་ཟེར་བ་ཅིག་བྱུང་། དེ་རིང་འདི་ནས་ཕེབས་པ་ལ་ལྟ་བར་འདུག ཆོས་འབྲེལ་ཅིག་ཞུ་ཟེར། དེ་ནས་ཟིལ་ཆེན་དུ་བཞུགས་ཏེ་སྨྱུག་མའི་གཟིམས་ཆུང་ཅིག་བཟོས་ཐུགས་དམ་ཁོ་ན་ལ་བཞུགས། མཚན་མོ་ཅིག་ཞབས་སྐྱིལ་དཀྲུང་བཤིག་ནས་ཞབས་ཅུང་ཟད་བརྐྱང་བས། ཞབས་མཛུབ་ལ་གཅིག་གིས་སོ་སྦྲིད་བ་བཏབ་བྱུང་བས་བསྐུམ་ནས་ཐུགས་དམ་ལ་བཞུགས། ཡང་བརྐྱང་བས་སོ་བཏབ་བྱུང་ནས་བསྐུམ། ཡང་བརྐྱང་བས་ཡང་བཏབ་བྱུང་སྟེ་ཅི་ཡིན་ནི་མ་ཤེས་གསུང་། དེར་ཟླ་བ་གཅིག་སོང་ནས་སྐྱོ་གོ་ཚལ་དུ་ཟླ་བ་གཉིས་ཀྱི་བར་དུ་ཐུགས་དམ་ལ་བཞུགས།