[B:31b] གཟིགས་རྟོག་དང་ཏིང་ངེ་འཛིན་གྱི་རིམ་པ་ཡང་ཤིན་དུ་འཕེལ། གཞན་དོན་དབང་ཁྲིད་བཤད་པའི་རིམ་པའང་དུམ་རེ་མཛད། དགེ་བའི་བཤེས་གཉེན་ཆེ་ཕྲ་ཐམས་ཅད་དང་འབེལ་བའི་གཏམ་གྱིས་དུས་འདས། ཁྱད་པར་སློབ་དཔོན་བསོད་བཀྲས་པ་དེ་དང་པོ་མཚན་ཉིད་ཀྱི་གྲ་[A:74]ས་ཆེན་པོ་རྣམས་སུ་སྦྱངས་པ་ཆེན་པོ་མཛད་པས་ཡོན་ཏན་ཆེ་ཡང་གྲུབ་མཐའི་ཕྱོགས་ཞེན་དང་ཁྱད་པར་དུ་སྒོམ་ཆེན་པ་ལ་བརྙས་པ་ཆེན་པོ་བྱེད་པ་ལ་ལེགས་པར་བཤད་པས་དག་པའི་སྣང་བ་ཕྱོགས་མེད་དུ་བཀོད་ནས། དགུང་ལོ་ཞེ་དགུ་བཞེས་པ་སྤྲེའུ་ལོའི་དགུན་ཡར་ཀླུངས་སུ་ཕེབས། དེ་ནས་སྔར་ཕྱག་མི་འཚལ་བ་ཕྱག་འཚལ་ལྡང་བ་མི་བྱེད་པ་རྣམས་ལྡང་བ་བྱེད། འཛུམ་མི་སྟོན་པ་རྣམས་ཀྱང་འཛུམ་སྟོན་གྱི་འདུག་གསུང་། སྐབས་ཤིག་སྣེའུ་གདོང་རྩེར་སྟག་ལུང་ཆོས་རྗེ་ཀུན་སྤངས་བྱང་ཆུབ་རྒྱ་མཚོ་བ་ཕེབས་པའི་ཚེ། དེ་སྔ་མཇལ་ནི་མ་མྱོང་། དེ་ཉིན་སུའི་ཡང་ངོ་སྤྲོད་འབུལ་མི་མེད་པར་ངོ་མཁྱེན་ནས་བཀའ་ལུང་མང་པོ་གནང་བྱུང་། དེ་དུས་ཆོས་རྗེ་ཆོས་དཔལ་ཡེ་ཤེས་པ་རང་དང་འདྲ་བར་མཐོང་། སྟག་ལུང་པ་མཁའ་སྤྱོད་པའི་སྐུ་སྐྱེ་ཅིག་ཡིན་ཟེར་བ་བདེན་པར་འདུག་བསམ། དེ་རྗེས་ཁོང་རྣམ་གཉིས་འདྲ་པོ་མི་འདུག་དང་པོ་མཐོང་དུས་སྟག་ལུང་རིན་པོ་ཆེའི་དབུ་ལོ་མཐིང་གི་ཁ་དོག་ཏུ་འདུག་གསུང་ནས་རྒྱུས་ཅན་རྣམས་ལ་ཡོད་མེད་དྲི་བ་ཡང་མཛད། བྱ་ལོའི་
1441ལོ
དཔྱིད་གོང་མ་གྲགས་པ་འབྱུང་གནས་པའི་བཀའ་ལུང་གིས་གདན་ས་ཐེལ་དུ་དགེ་བའི་བཤེས་གཉེན་ཆེན་པོ་དུ་མ་བསྡུས་ནས་སྨོན་ལམ་མཛད་པའི་གྲར་ཕེབས་ནས་རྒོད་ཕྲུག་ཆོས་རྗེ་འཇག་སྤྱིལ་ན་བཞུགས་པའི་དྲུང་དུ་ཉིན་བཞིན་དུ་བཞུགས། དེ་ཐོན་རྟིང་སྣ་མོ་རྫོང་དུ་བཞུགས་ནས། ཆོས་རྗེ་རིན་པོ་ཆེ་ནམ་མཁའ་བློ་གྲོས། ཆོས་རྗེ་རིན་པོ་ཆེ་ལོ་ཆེན། སྡེ་སྣོད་འཛིན་པ་མགོན་པོ་རྒྱལ་མཚན། ཆེན་པོ་བསོད་ཡེས་པ་ལ་སོགས་པ་མང་པོ་ལ་ཕར་ཕྱིན་ལ་སོགས་པའི་གཞུང་ཆོས་དང་འབེལ་གཏམ་གྱིས་ཆོས་ཀྱི་སྒོ་མཐའ་དག་ལ་སྣང་བ་ཆེན་པོ་རྒྱས་པར་མཛད། དེའི་དབྱར་འོན་ཆོས་སྡིངས་སུ་རྒོད་ཕྲུག་ཆོས་རྗེའི་སྐུ་མདུན་དུ་ཕེབས་ནས། གྲུབ་ཆེན་ཨུ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་[A:75]